ཉིང་ཁྲི་གྲོང་ཁྱེར་གྱིས“ཤ་ཚལ་སྒོང”གསུམ་ལ་བརྟེན་ནས“དམངས་འཚོར”འདེགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དབྱིན་ཧྥུང་ཞིང་ལས་སྒོ་རྩིས་ཚོང་ཁང་གི་དམངས་ཕན་ཐད་འཚོང་ཁང་ནས། ཀྲོ་མ་ཀྲུ་དང་། ཧྲང་ཧའེ་ཆིང་། ཆེ་ཙི་སོགས་སྔོ་ཚལ་སོས་པ་སྣ་ཚོགས་ཁྲོམ་བཀྱག་སྟེང་བསྒྲིགས་པ་དང་དེ་གར་ཚལ་ཉོ་མཁན་མང་པོ་ཡོད་པའི་རྣམ་པ་ཞིག་མཐོང་བྱུང་། “ཚོང་ཁང་དེ་ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་མཐུན་སྦྱོར་དང་སྒྲིག་འཛུགས་འོག་བཙུགས་པ་དང་ཚོང་ཁང་ནང་སྔོ་ཚལ་སྣ་ཁ་མང་བ་མ་ཟད། རིན་གོང་ཡང་ཁེ་བས་གྲོང་མིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ཚོང་པ་དབྱངས་ཅན་གྱིས་དགའ་ཚོར་ཆེན་པོས་བརྗོད།

“ཤ་ཚལ་སྒོང”གསུམ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་དམངས་འཚོའི་དོན་ཆེན་དང་འབྲེལ་བ་ཡོད་ཅིང་། མི་སེར་ཚོ་བློ་བདེ་པོའི་ངང་ལྟོ་ཆས་བཟའ་བ་དང་རིན་གོང་ཁེ་པོའི་ངང་དངོས་ཟོག་ཉོ་བར་སྟབས་བདེ་སྐྲུན་ཆེད། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས“ཤ་ཚལ་སྒོང”གསུམ་གྱི་འདུ་འགོད་གཙོ་གནད་ལས་དོན་ལ་བརྩིས་པ་དང་། འདི་ལོ་དམངས་འཚོའི་བྱ་བ་དངོས་ཁག་བཅུའི་གྲས་སུ་བརྩིས་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཐོན་སྐྱེད་ཀྱི་མཁོ་སྤྲོད་འཁོར་འབྲེལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། “ཤ་ཚལ་སྒོང”གསུམ་གྱི་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་འགན་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ལྗང་མདོག་དང་བདེ་འཇགས་ཀྱི་ཞིང་ལས་ཐོན་རྫས་མང་ཚོགས་ཀྱི“ཤ་ཚལ་སྒོང”གསུམ་ནང་འཇུག་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།