ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཇ་རྟ་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ཞོར་ལས་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཇ་རྟ་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ཞིང་འབྲོག་པ53ལ་གླ་ཆ་འགྱངས་ཆད་སྒོར་ཁྲི116ལེན་རོགས་བྱས་ཏེ་ཞིང་འབྲོག་ཞོར་ལས་པའི་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞིའི་འགལ་ཟླ་ཞིག་བསལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དེ་ཉིན་ཇ་རྟ་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་མང་ཚོགས་ཀྱི་རེ་ཞུ་འབྱོར་ནས་ལས་གྲྭ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཞིག་གིས་ཞིང་འབྲོག་པ་ལས་མི53གྱི་སྐྱེལ་འདྲེན་གླ་ཆ་སྒོར་ཁྲི116ཆད་པར་སྤྱི་བདེ་ལས་ཁུངས་ཀྱིས་འདུམ་འགྲིག་བྱ་རྒྱུའི་རེ་བ་ཞུས་པ་རེད། གྱོད་དོན་ཤེས་རྟོགས་བྱས་རྗེས། ཇ་རྟ་ཐང་ཆེན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་འཕྲལ་མར་ཁ་རུབ་ཆུས་སྤྱི་བདེ་ཅུས་ལ་སྙན་སེང་ཞུས་པ་རེད། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཤེས་འཕྲལ། ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས། མི་དམངས་ཉེན་རྟོག་པ་གནས་ཚུལ་རྟོག་ཞིབ་བྱེད་པར་མངགས་པ་དང་འབྲེལ། ལས་གྲྭ་འཛུགས་སྐྲུན་ཚད་ཡོད་ཀུང་སི་དེའི་འགན་ཁུར་བ་ཧྥེ་ཆེ་གེ་མོ་ཇ་རྟ་ཐང་ཆེན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་སྐད་བཏང་སྟེ་གནས་ཚུལ་གྱི་འབྱུང་རིམ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། མི་དམངས་ཉེན་རྟོག་པས་འབད་བརྩོན་ལྷོད་མེད་བྱས་མཐར་ཕྱོགས་གཉིས་པོའི་དབར་གྲོས་མཐུན་བྱུང་ནས་དངུལ་དེ་དག་ཁག་ཐེངས་གསུམ་ལ་དབྱེ་ནས་སྤྲོད་རྒྱུའི་ཁ་ཆད་བྱས་པ་རེད།

གནད་དོན་ཐག་གཅོད་འོས་འཚམ་བྱུང་བས་རོང་འབྲོག་མང་ཚོགས་ཚོར་སེམས་འགུལ་ཆེན་པོ་ཐེབས་ལ། ཏང་གིས་གསོ་སྐྱོང་གནང་བའི་ཉེན་རྟོག་པ་ཡག་པོ་དེ་ལྟ་བུ་ཡོད་སྟབས་ངེད་ཚོའི་བདེ་རྩར་ཐུག་པའི་ཁེ་ཕན་འགན་ལེན་བྱུང་སོང་ཞེས་བསྔགས་བརྗོད་ཡང་ཡང་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།