ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དགེ་སྒྲུབ་རོགས་སྐྱོར་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁོངས་གཏོགས་ཁུལ་གྱི་མི་ཧྲེང་རྒན་རྒོན་ལ་དུས་ཐོག་ཏུ་རོགས་སྐྱོར་བྱས་ནས་ཁོང་ཚོས་དྲོ་སྐྱིད་ལྡན་ལ་བཀྲ་ཤིས་པའི་དགུན་ཁ་ཞིག་སྐྱེལ་ཆེད་། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པོ་དབྱང་སྤྱི་ཚོགས་ལས་དོན་པ་དང་དང་བླངས་པའི་ཞབས་ཞུའི་མཐུན་ཚོགས་ཀྱིས“གྲང་ངར་ཁྲོད་དྲོ་སྐྱིད་སྦྱིན་ནས་དཔྱིད་གསར་དུས་ཆེན་ལ་སྨོན་འདུན་ཞུ་བའི”དགེ་སྒྲུབ་རོགས་སྐྱོར་བྱེད་སྒོ་སྤེལ་ནས་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ15ཡི་ལོ60ཡན་གྱི་རོགས་སྐྱོར་ཆ་རྐྱེན་དང་འཚམ་པའི་མི་ཧྲེང་རྒན་རྒོན320ལ་སྒོར63000རི་བའི་རྩམ་པ་དང་། སྤོས། འབྲས། གྲོ་ཞིབ། བཟའ་སྣུམ་སོགས་གཅེས་སེམས་དངོས་ཟོག་སྤྲད་པ་རེད།

ཐེངས་འདིའི་བྱེད་སྒོ་ནི་ཁྲེང་ཀོན་ཆུས་པོ་དབྱང་སྤྱི་ཚོགས་ལས་དོན་པ་དང་དང་བླངས་པའི་ཞབས་ཞུའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་རོགས་གཉེར་བྱས་པ་དང་། སྙེ་མོ་རྫོང་གནམ་གང་སྤོས་གསར་སྤེལ་ཚད་ཡོད་ཀུང་སི་དང་། ཨན་ཤིན་པང་ཁྱིམ་ལས་ཞབས་ཞུ་ཚད་ཡོད་ཀུང་སི། བོད་ལྗོངས་ལི་ནོན་གཙང་སེལ་ལག་རྩལ་ཞབས་ཞུ་ཚད་ཡོད་ཀུང་སི། རང་ཁྱིམ་དང་པོ་བཟའ་བཏུང་ཚད་ཡོད་ཀུང་སི་སོགས་ཚན་པས་མཉམ་དུ་གཉེར་བའི་གཅེས་སེམས་མཚོན་པའི་རོགས་སྐྱོར་བྱེད་སྒོ་ཞིག་རེད། དེའི་དམིགས་ཡུལ་ནི་བྱེད་སྒོ་སྤེལ་བ་བརྒྱུད་དམངས་འཚོར་དོ་ཁུར་དང་དམངས་ལ་བརྩེ་བའི་སྒོ་ནས་ཏང་གི་དམངས་ཕན་སྲིད་ཇུས་ཁག་སྔར་བས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་ལེན་བསྟར་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཐོབ་སྣང་དང་བདེ་སྐྱིད་ཚོར་སྣང་སྔར་བས་ཟབ་ཏུ་གཏོང་རྒྱུ་དེ་རེད།

བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དང་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་སོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བས་མི་ཧྲེང་རྒན་རྒོན་ལ་ཁ་བཏགས་དང་དངོས་ཟོག་སྤྲད་པ་དང་འབྲེལ། ཁོང་ཚོར་གཟུཌ་པོར་བདག་གཅེས་བྱེད་དགོས་པའི་སྐུལ་མ་བྱས་ལ། ཕྱིས་འབྱུང་ཁོངས་གཏོགས་ཁུལ་གྱི་དམངས་སྲིད་རོགས་སྐྱོར་བྱ་ཡུལ་ལ་མུ་མཐུད་དོ་ཁུར་དང་གཅེས་སེམས་ཕུལ་ནས་ནུས་ཤུགས་ཡོད་རྒུས་མི་ཧྲེང་རྒན་རྒོན་ཚང་མའི་དཀའ་ངལ་སེལ་རོགས་བྱས་ཏེ་ཁོང་ཚོར་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

“དེ་རིང་གཅེས་སེམས་མཚོན་པའི་དངོས་ཟོག་མང་པོ་རག་བྱུང་བས་ཧ་ཅང་སྐྱིད་པོ་འདུག ང་མི་ཧྲེང་རྒན་རྒོན་ཞིག་ཡིན་པ་དང་འཁྲིས་སུ་ལྟ་རྟོག་བྱེད་མཁན་གྱི་ཕྲུ་གུ་མེད་མོད། འོན་ཀྱང་མཐུན་ཚོགས་ཀྱི་ཞབས་ཞུ་བས་དུས་རྟག་ཏུ་ངའི་ནང་ལ་གཙང་སྦྲ་དང་གོས་བཀྲུས་པའི་ཁར་ད་དུང་སྨན་ཁང་དུ་བསྐྱལ་ནས་ནད་ལྟ་བ་དང་སྨན་ལེན་རོགས་བྱེད་ཀྱི་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དཔལ་གླིང་སྡེ་ཁུལ་གྱི་ལོ74ལ་སླེབས་པའི་བགྲེས་སོང་མཁས་གྲུབ་གྱིས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། མཐུན་ཚོགས་དེ་ནི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་དོན་པ་དང་དང་བླངས་པའི་ཞབས་ཞུའི་མཐུན་ཚོགས་ཐོག་མ་ཡིན་ཞིང་། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་གཙོ་གཉེར་བྱེད་པ་དང་། སྤྱི་ཚོགས་ལས་དོན་སྒྲིག་གཞི་དང་། སྤྱི་ཚོགས་ལས་དོན་པ། དེ་བཞིན་འབྲེལ་ཡོད་ཚན་པ་དང་མི་སྒེར་བཅས་ཀྱིས་རང་མོས་ངང་བཙུགས་པའི་སྤྱི་ཕན་རང་བཞིན་དང་། ས་གནས་རང་བཞིན། ཁེ་གཉེར་རང་བཞིན་མིན་པ་བཅས་ཀྱི་སྤྱི་ཚོགས་ཚོགས་པ་ཞིག་རེད། མིག་སྔར་མཐུན་ཚོགས་དེའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་དཔལ་གླིང་དང་། ཀླུ་སྒུག རྨེ་རུ། ཚེ་སྨོན་གླིང་སོགས་སྡེ་ཁུལ15ལ་ཁྱབ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།