ཝུའུ་དབྱིང་ཅེས་རྒྱ་ཆེའི་ལས་མི་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ།

5349808e-2e37-46f7-8a7b-0b4a4271bfdd.jpg

འདི་ནི་ཝུའུ་དབྱིང་ཅེས་ཞིང་པ་ལས་མི་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་ཀྱི་ཟླ2ཚེས4ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྒྱ་ཆེའི་ལས་མི་ཚོར་ཐུགས་ཁུར་ཟབ་མོ་བཅངས་ཏེ་ལྷ་ས་གྲོང་ཁྱེར་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཀྱི་ལས་ཡུལ་དུ་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ས་ཆ་དེ་རང་དུ་ལོ་གསར་གཏོང་མཁན་གྱི་རྒྱ་ཆེའི་ལས་མི་ཚོར་བྱམས་བརྩེའི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་འབྲེལ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྷན་དུ་ཕེབས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱི་དྲན་གསོའི་རྡོ་རིང་ཟམ་ཆེན(ཆུ་སྒོ་ཨང་3པ)རྒྱ་སྐྱེད་སྒྱུར་བཀོད་ལས་གྲྭ་དང་ལྷ་ས་སྐྱིད་ཆུའི་ཆུ་ཤུགས་ཚོད་འཛིན་ལས་གྲྭའི(གཙང་འགྲམ་མེ་ཏོག་ལྡུམ་རའི་དུམ་བུ)རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་དང་མི་ཆུ་འཆམ་མཐུན་གྱི་གྲོང་ཁྱེར་འཛུགས་གཏོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གྲྭ་གལ་ཆེན་ཞིག་རེད། ཝུའུ་དབྱིང་ཅེ་ལས་ཡུལ་དུ་ཕེབས་ཏེ་ཨར་ལས་ལ་བྲེལ་བཞིན་པའི་ལས་མི་ཚོར་གཟིགས་པ་དང་། འཚོ་བའི་ཁུལ་དུ་ཕེབས་ཏེ་ཁོང་ཚོའི་ལྟོ་ཆས་དང་རྒྱུན་གཏན་གྱི་འཚོ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་སྟེ་ཨར་སྐྲུན་གྱི་བདེ་འཇགས་འགན་ལེན་དང་། ལོ་མཇུག་གི་གླ་ཆ་སྤྲོད་ཚུལ། དུས་ཆེན་དང་ངལ་གསོའི་རིང་ནང་མི་ཐུག་འཕྲད་དང་མཉམ་འཛོམས་སོགས་ཀྱི་གནས་ཚུལ་བཀའ་འདྲི་དང་མཁྱེན་རྟོགས་གནང་བ་རེད།

ཞིང་ཆེན་མི་འདྲ་བ་ནས་ཡོང་བའི་ལས་མི་ཚོས་དཔྱིད་གསར་དུས་ཆེན་རིང་ལས་གནས་སྔར་བཞིན་བརྟན་སྲུང་བྱས་ཚུལ་སྐོར་མཁྱེན་སྐབས་ཝུའུ་དབྱིང་ཅེས་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཁོང་གིས་དཔྱིད་གསར་དུས་ཆེན་གྱི་ནང་མི་མཉམ་འཛོམས་ཀྱི་ཉིན་མོར་ཚང་མས་སྲིད་གཞུང་གི་ས་ཆ་དེ་རང་དུ་ལོ་གསར་གཏོང་རྒྱུའི་གྲོས་འགོ་དང་ལེན་ཞུས་ཏེ་ཨར་ལས་ཀྱི་འཐབ་ས་དང་པོར་ཉིན་མཚན་བལྟོས་མེད་ངང་འབད་འཐབ་བྱས་པ་དེ་ནི་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་ཆེད་ནུས་ཤུགས་བཏོན་པ་ཞིག་རེད་ལ། རང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་གྲོང་ཁྱེར་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་དེ་བས་རེད། ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་རླབས་ཆེ་ཤོས་ཤིག་ཡིན་པས་ཚང་མས་ཨར་ལས་ཀྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་དང་། དུས་ཐོག་ཏུ་ངལ་གསོ་རྒྱག་པ། གཟུགས་པོར་བདག་གཅེས་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་། པ་སངས་དང་། ཚེ་རིང་ཕུན་ཚོགས། བསྟན་དོན་གྲུབ་སོགས་ས་གནས་དེ་རང་གི་ལས་མིར་ཉིན་རེར་གླ་ཆ་སྒོར་200ཡོད་པ་མཁྱེན་སྐབས་ཝུའུ་དབྱིང་ཅེས་ཁོང་ཚོར་ལས་ཞོར་དུ་ཤེས་བྱ་མང་ཙམ་སྦྱོང་བ་དང་། མིག་རྒྱང་རིང་དུ་གཏོང་བ། མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་ངལ་རྩོལ་རྩལ་ནུས་རྒྱུན་མཐུད་ཆེ་རུ་དང་ཡོང་འབབ་དེ་བས་མང་དུ་གཏོང་དགོས་པ་དང་། རང་གི་ཉམས་མྱོང་ལ་བརྟེན་ནས་ཕ་ཡུལ་གྱི་མང་ཚོགས་ཀྱི་ལྟ་བར་འགྱུར་ལྡོག་བཏང་སྟེ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སྐུལ་ལྕག་གནང་བ་རེད། ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཚེ་རིང་དགའ་སྐྱིད་ཀྱིས་གཉིས་མོས་གདམ་ག་བྱས་ནས་ཁྲོམ་རར་ལས་ཞུགས་ཐུབ་པ་མཁྱེན་རྗེས་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ནས་ཁེ་ལས་ཁག་གིས་ཀྲུང་དབྱང་གི་ཁེ་ལས་བོད་དུ་ཐོན་ཁུངས་གསར་སྤེལ་བྱེད་པ་དང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་བ་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་ནས་ས་གནས་དེ་གའི་མང་ཚོགས་དང་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཧུར་ཐག་ཐུབ་པ་དང་། ས་གནས་དེ་གའི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་གང་ལེགས་ཚོར་བར་བྱས་ཏེ། ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་རྗེས་སུ་འབྲང་བའི་མང་ཚོགས་ཚོའི་གདེང་ཚོད་བརྟན་དུ་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།

ཝུའུ་དབྱིང་ཅེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་རམ་འོག བོད་ཀྱིས་ལོ་ངོ་ཁྲི་སྟོང་མང་པོར་ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསུས་པས། རྣམ་གྲངས་གལ་ཆེན་འབོར་ཆེན་དོན་འཁྱོལ་དང་ལས་འགོ་བཙུགས་ཏེ་འཛུགས་སྐྲུན་བྱས་པའི་ཁྲོད་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཆེན་པོ་སྔར་བས་ཚོར་ཐུབ་པ་བྱུང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱས་ཏེ“ལྡན་དགོས་པ་གསུམ་དང་ཕན་པ་གཅིག”མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་གྲོང་ཁྱེར་དོ་དམ་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་དང་ལྷག་དོན་དུ་ཞིང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་དང་། ནད་ལྟ་བ། རླངས་འཁོར་འཇོག་པ་སོགས་ལ་སྟབས་བདེ་བསྐྲུན་ཏེ་བྱ་བཟང་ཡག་པོ་སྒྲུབ་པ་དང་མང་ཚོགས་བློ་ཡིད་ཚིམ་པར་བྱེད་དགོས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་དམིགས་ནས་ལས་རིགས་ལག་རྩལ་སློབ་གྲྭའི་ནུས་པ་གང་ལེགས་འདོན་པ་དང་ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཐག་ཉེ་ས་དང་། སྟབས་བདེ་ས། ཕ་ཡུལ་ནས་ཁ་བྲལ་མི་དགོས་པ། ལས་ཀ་བྱེད་ཤེས་པ་དང་བྱེད་མཁས་པ་བཅས་ཡོང་བར་བྱས་ནས་རྣམ་གྲངས་ཆེ་གྲས་ཀྱི་འཛུགས་སྐྲུན་ལ་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱུན་མཐུད་ལས་ཞུགས་བརྟན་པོ་ཡོང་བར་བྱེད་དགོས། མང་ཚོགས་རང་བཞིན་གྱི་ལུས་སྦྱོང་བྱེད་སྒོ་དང་ལུས་རྩལ་རྣམ་གྲངས་རྒྱ་ཁྱབ་ངང་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ལས་བྱེད་ལས་བཟོ་དང་མང་ཚོགས་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་གི་དོ་སྣང་བྱ་ཡུལ་བདེ་ཐང་ཤེས་དཔལ་དང་ཧུར་སེམས་ཡར་བརྩོན་གྱི་ལུས་རྩལ་དང་རིག་གནས་བྱེད་སྒོར་འཇོག་ཐུབ་པར་བྱེད་དགོས། ལྷ་སའི་ཤིང་འཛུགས་ནགས་གསོའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་སྤྱི་ཚོགས་དང་མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་གྱིས་ས་དོང་དྲུས་ཏེ་སྐྱེ་ཤིང་འཚམ་སར་ཤིང་འཛུགས་པ་དང་སྔོ་ལྗང་ར་སྐྱོར་དང་ཆུ་ཁོངས་སྒྱུར་བཅོས་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་སྟེ་མི་དང་རང་བྱུང་ཁམས་ཀྱི་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།