གཞི་གྲངས་བདུན་གྱི་ཐོག་ནས་བོད་ལྗོངས་ཀྱི2020ལོའི་ལོ་འཁོར་གྱི་ཁྲལ་བསྡུ་འཁོར་སྐྱོད་ལ་ལྟ་བ།

W020210207657069935767.jpg

འདི་ནི་མང་ཚོགས་ཀྱིས་ཁྲལ་བསྡུའི་སྲིད་ཇུས་ལ་རྒྱུས་ལོན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས7ཉིན་བོད་རང་སྐྱོང་ལྗོངས་ཀྱིས2020ལོའི་ལོ་འཁོར་གྱི་ཁྲལ་བསྡུ་འཁོར་སྐྱོད་གནས་ཚུལ་ཐད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྤེལ་བ་རེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚའོ་ཅེ་ཧྥེང་གིས་གཞི་གྲངས་བདུན་གྱི་ཐོག་ནས2020ལོ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཁྲལ་དོན་གྱིས་ཁྲལ་འཕྲི་ཡོན་གཅོག་དང་། ཁྲལ་དོན་བཅོས་སྒྱུར། ཡོང་འབབ་སྒྲིག་འཛུགས། བསྡུ་ལེན་དོ་དམ། དམངས་ཕན་ཁྲལ་གཉེར། སྤྱི་ཚོགས་འགན་བཅོལ་བསྡུ་ལེན་དོ་དམ་གྱི་འགན་འཁྲི་གཞན་སྒྱུར། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་བོད་རང་སྐྱོང་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར360.97ལེགས་འགྲུབ་བྱུང་ཡོད་ཅིང་། རིམས་ནད་དང་དོན་འཁྱོལ་བྱས་པའི་ཁྲལ་འཕྲི་ཡོན་གཅོག་གི་ཤུགས་རྐྱེན་ཐེབས་པས་དུས་མཚུངས་ལས4.8%ཆག་ཡོད། ལོ་ཧྲིལ་པོར་ཁྲལ་དོན་སྡེ་ཚན་གྱིས་བསྡུ་ལེན་བྱས་པའི་སྤྱི་ཚོགས་འགན་བཅོལ་ཡོང་འབབ་སྒོར་དུང་ཕྱུར136.78ཟིན་པ་དེས་དམངས་འཚོ་འཕེལ་རྒྱས་ལ་འགན་ལེན་བྱས་པ་རེད།

ཁྲལ་འཕྲི་ཡོན་གཅོག་ཐད། 2020ལོར་གསར་སྣོན་བྱུང་བའི་ཁྲལ་འཕྲི་ཡོན་གཅོག་སྔོན་དཔག་བྱས་ན་སྒོར་དུང་ཕྱུར49ལྷག་ཙམ་ཟིན་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་སུ་གསར་སྣོན་བྱུང་བའི་ཁྲལ་འཕྲི་ཡོན་གཅོག་སྔོན་དཔག་བྱས་ན་སྒོར་དུང་ཕྱུར1051ལས་བརྒལ་ཡོད་པ་རེད། ན་ནིང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་འཕྲིའི་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད་བོད་རང་སྐྱོང་ལྗོངས་ཁྲལ་དོན་སྡེ་ཚན་གྱི་ཁྲལ་བསྡུའི་ཡོང་འབབ་ཀྱིསGDPཡི་བསྡུར་ཚད་བཟུང་ཚད19%ཡས་མས་སུ་ཆག་ཡོད།

གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོར་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས1.2%འཕར་ཡོད་པ་དང་། 2020ལོའི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱི་ཁྲལ་དོན་དང་འབྲེལ་བ་ཡོད་པའི་ཁྲོམ་རའི་གཙོ་གཞི་ཁྲི24.29ཟིན་པ་དེ2019ལོ་ལས15.58%འཕར་ནས་རྒྱལ་ཁབ་ཀྱིས་ཁྲོམ་རའི་གཙོ་གཞིའི་དཀའ་གནད་སེལ་བ་དང་སྐྱོན་བྲལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པ་དང་ཁྲོམ་རའི་གསོན་ཤུགས་མགྱོགས་མྱུར་སླར་གསོ་ཐུབ་པ་མངོན་ཡོད།

W020210207777654884731.jpg

འདི་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་ཁྲལ་དོན་མི་སྣས་ཁེ་ལས་ཀྱི་ཡུལ་དངོས་སུ་རྟོག་ཞིབ་བྱེད་བཞིན་པ།

ཕྱིར་གཏོང་ཁྲལ་སློག་ཐད། 2020ལོར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་དམངས་ཕན་ཁྲལ་གཉེར་བྱ་ཐབས་རྒྱུན་ཆད་མེད་པར་བཏོན་ནས་ཕྱིར་གཏོང་ཁྲལ་སློག་གི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་རྒྱུན་གཏན་གྱི་ཁྲལ་སློག་ལས་སྒོ་སྒྲུབ་པའི་ཆ་སྙོམས་དུས་ཚོད་དེ2019ལོ་ལས20%ཇེ་མགྱོགས་སུ་ཕྱིན་པ་དང་། ལོ་ཧྲིལ་པོར་ཕྱིར་གཏོང་ཁྲལ་སློག་སྒོར་ཁྲི5380བསྒྲུབས་ཏེ་ནུས་ལྡན་སྒོས་ཁེ་ལས་ཀྱི་མ་དངུལ་གནོན་ཤུགས་ལྷོད་གཡེང་དུ་བཏང་ནས་ཕྱི་ཕྱོགས་ཉོ་ཚོང་གཏན་འཇགས་ངང་སླར་གསོ་ཡོང་རྒྱུར་རྒྱབ་སྐྱོར་གྱི་ནུས་པ་གལ་ཆེན་བཏོན་པ་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་བསྡོམས་པས་ཕྱིར་གཏོང་ཁྲལ་སློག་སྒོར་དུང་ཕྱུར2.31བསྒྲུབས་པ་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”རིང་ལས་སྒོར་དུང་ཕྱུར0.85འཕར་ནས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱིར་གཏོང་གཏན་འཇགས་ངང་འཕར་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད།

2020ལོར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ད་དུང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམངས་ཕན་ཁྲལ་གཉེར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཁྲལ་འཇལ་བའི་ཁྲལ་གཉེར་མ་གནས་རྒྱུན་མཐུད་ངང་གྲོན་ཆུང་བྱས་པ་དང་། སྣ་མང་ཅན་གྱི་ཁྲལ་གཉེར་རིན་སྤྲོད་མངོན་འགྱུར་བྱས་ནས་ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་ལ་སྟབས་བདེ་གང་ལེགས་བཟོས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།