ད་ལོར་བོད་ལྗོངས་ཀྱིས་ནགས་རྩྭའི་དཔོན་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ཚལ་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དོན་འཁྱོལ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བཅས་བྱ་ཆེད། ད་ལོར་བོད་ལྗོངས་ཀྱིས་ནགས་རྩྭ་དཔོན་ལམ་ལུགས་འཛུགས་པར་སྐུལ་འདེད་བཏང་སྟེ་ཁོངས་གཏོགས་ས་ཆའི་འགན་འཁུར་བ་དང་། ཏང་སྲིད་འགན་འཁྲི་མཉམ་འཁུར། སྡེ་ཁག་གིས་མཐུན་སྦྱོར། ས་ཁོངས་ཡོངས་སུ་ཁྱབ་པ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པ་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོབ་འཕེལ་རྒྱས་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་རྒྱུ་ཡིན་པ་རེད།

ནགས་རྩྭའི་དཔོན་ལམ་ལུགས་ཀྱིས་གཙོ་བོ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོབ་ཀྱི་ལམ་ལུགས་ནན་ཤོས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོར་ཤུགས་སྣོན་རྒྱག་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། ནགས་ཚལ་དང་རྩྭ་ཐང་སོགས་སྐྱེ་ཁམས་མ་ལག་གི་བརྟན་ལྷིང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་ནགས་རྩྭ་དཔོན་ལམ་ལུགས་འཛུགས་རྒྱུའི་ཞིབ་ཕྲའི་དམིགས་ཚད་ནི2025ལོར་སླེབས་སྐབས་ནགས་ཚལ་ཁེབས་ཚད་ད་ལྟའི་ཚད་གཞིའི་འོག12.45%ཡན་དུ་མཐོ་རུ་གཏོང་རྒྱུ་དང་། ནགས་ཚལ་གསོག་ཉར་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར22.8ཡན་དུ་གཏན་འཇགས་ཡོང་བ། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཏུ་བཞག་པའི་སྤྱི་ཕན་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི1098ཡན་ཟིན་པ། ནགས་སྐྲུན་རྒྱ་ཁྱོན་སྤྱི་ཆིང་ཁྲི20ཡན་གསར་དུ་འཕར་བ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད48%ཡན་དུ་མཐོ་རུ་གཏོང་བ། རང་བྱུང་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་མུའུ་དུང་ཕྱུར13.34གཏན་འཇགས་ཡོང་བ། བརླན་ས་ཡོད་པའི་གྲངས་འབོར་སྤྱི་ཆིང་ཁྲི652.9ཟིན་པ་དང་བརླན་ས་སྲུང་སྐྱོང་བྱེད་ཚད68%ཡན་ལ་སླེབས་པ། རང་བྱུང་སྲུང་སྐྱོང་ཁུལ་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆའི་གཅིག་གི་ཡན་འཛིན་པ། ནགས་ལས་སྐྱེ་ཁམས་ཀྱི་ནགས་སྲུང་བ་ཁྲི26ཡན་ཟིན་པ། ས་བབ་མཐོ་ཚད་སྨི4700ཡན་གྱི་རོང་འབྲོག་མང་ཚོགས་ཁྲི13གྱི་སྐྱེ་ཁམས་གནས་སྤོའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་ཡིན་པ། 2035ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ནགས་ཁུལ(རྩྭ་ཐང)ཡོད་པའི་གྲངས་འབོར་དང་། ནགས་ཚལ་རྒྱ་ཁྱོན། ནགས་ཚལ་ཁྱབ་ཚད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད། རྩྭ་ཐང་སྐྱེ་དངོས་གྲངས་འབོར་སོགས་གཏན་འཇགས་ངང་རྒྱུན་འཁྱོངས་ཐུབ་རྒྱུ་དང་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སྤུས་ཚད་ཀྱི་ཆུ་ཚད་མདུན་གྲལ་དུ་སླེབས་པ། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་ནུས་པ་སྔར་བས་འཐུས་ཚང་དུ་འགྲོ་རྒྱུ་དང་སྐྱེ་ཁམས་ཕན་འབྲས་སྔར་བས་མངོན་གསལ་དོད་པོ་ཡིན་པ། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་ཐོན་རྫས་མཁོ་འདོན་ནུས་པ་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་འགྲོ་རྒྱུ། ནགས་ཚལ་དང་རྩྭ་ཐང་གི་ཁྲིམས་ལྟར་དོ་དམ་གྱི་ཆུ་ཚད་མངོན་གསལ་དོད་པོའི་མཐོར་འདེགས་བྱ་རྒྱུ་བཅས་བྱས་ཏེ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྱོང་གི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།