ལྷ་སའི་སྟོད་ལུང་བདེ་ཆེན་ཆུས་མཐོང་དགའ་སྡེ་ཁུལ་གྱིས་ཡོང་འབབ་བགོ་བཤའ་བརྒྱབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས2ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་སྲང་ལམ་མཐོང་དགའ་སྡེ་ཁུལ་གྱི་མང་ཚོགས་ཀྱིས་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་བཤའ་རྒྱག་པའི་ཉིན་མོ་བསུས་ཤིང་། སྡེ་ཁུལ་གྱི་ཐེམ་ཐོ་ཡིན་པའི་སྡོད་དམངས་དང་སྡེ་ཁུལ་གཞན་ནས་ཡོང་བའི་མི་རེར་ཆ་སྙོམས་སྒོར3500དང་སྒོར1750སྤྲད་པ་དང་བསྡོམས་པས་ལག་དངུལ་སྒོར་ཁྲི300ལྷག་ཙམ་བགོ་བཤའ་བརྒྱབ་པ་རེད། སྡེ་ཁུལ་དང་ས་གནས་དེ་གའི་ཁེ་ལས་ཀྱིས་ད་དུང་དབུལ་ཐར་མང་ཚོགས་ལ་ཁྱིམ་སྤྱོད་གློག་ཆས་ཆུང་གྲས་དང་། ཟས་རིགས་སྣུམ་དང་འབྲས་སོགས་འཚོ་བའི་མཁོ་ཆས་ཞལ་འདེབས་ཕུལ་བ་དང་ཡུལ་དངོས་སུ་དགའ་སྤྲོའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད།

མཐོང་དགའ་སྡེ་ཁུལ་ནི་ལྷ་ས་གྲོང་ཁུལ་གྱི་ནུབ་རྒྱུད་དུ་སྤྱི་ལེ19ཡོད་པའི་མཚམས་སུ་གནས་ཤིང་། རྒྱལ་ལམ109དང་ཐག་ཉེ་བ་དང་འགྲིམ་འགྲུལ་སྟབས་བདེ་ཡིན་པ། གནས་ཡུལ་གྱི་ཆ་རྐྱེན་ཧ་ཅང་ལེགས་པོ་ཡིན་པས2018ལོར་དབུལ་ཞྭ་ཕུད་པ་དང2020ལོའི་ཟླ2པར་གྲོང་ཚོ་དེ་སྡེ་ཁུལ་དུ་བསྒྱུར་བ་རེད། 2020ལོའི་ལོ་མཇུག་བར་སྡེ་ཁུལ་གྱི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི1383ཟིན་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.7ལ་སླེབས་པ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། སྡེ་ཁུལ་གྱི་ཁོངས་གཏོགས་སུ་མཐོང་དགའ་ཁེ་ལས་ཚད་ཡོད་ཀུང་སི་དང་མཐོང་དགའ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་ཁེ་ལས2བཅས་ཀྱིས་སྡེ་ཁུལ་གྱི་མང་ཚོགས162ལ་ལས་ཞུགས་མཁོ་འདོན་བྱས་པ་དང་ལོ་རེའི་ལོ་མཇུག་ཏུ་སྡོད་དམངས་ཡོངས་ལ་ཡོང་འབབ་བགོ་བཤའ་རྒྱག་བཞིན་ཡོད། མཐོང་དགའ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ལ་ཡོང་འབབ་ཐོབ་པ་ནས་བཟུང་སྡེ་ཁུལ་གྱི་སྡོད་དམངས་ལ་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་གྱི་དངུལ་སྤྲད་པས་སྡེ་ཁུལ་གྱི་སྡོད་དམངས་འགན་བཅོལ་ནང་ཞུགས་ཚད100%ཟིན་ཡོད། མཐོང་དགའ་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོས་རྡོ་སེག་བཟོ་གྲྭ་དང་། འཕྲུལ་ཆས་བོགས་གཏོང་སྐྱེལ་འདྲེན་རུ་ཁག་སྡེ་ཁུལ་གྱི་ཐུན་མོང་དཔལ་འབྱོར་གྱི་གཞི་རྟེན་ལྟ་བུར་གྱུར་ནས་སྡེ་ཁུལ་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།