དཔྱིད་གསར་སྐྱེལ་འདྲེན་རིང་ལྷ་སའི་སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ཏེ་འགྲུལ་བའི་བདེ་འཇགས་ལ་འགན་སྲུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ནས་རྒྱུས་ལོན་བྱུང་པར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ལྗོངས་ནང་ཁུལ་གྱི་མེ་འཁོར་གྱིས་སྔོན་དཔག་བྱས་ན་འགྲུལ་བ་མི་ཐེངས་ཁྲི19.7སྐྱེལ་འདྲེན་བྱ་རྒྱུ་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་ཀྱང་བྱ་ཐབས་སྣ་ཚོགས་ལག་བསྟར་བྱས་ནས་འགྲུལ་བའི་ཚེ་སྲོག་དང་རྒྱུ་ནོར། ཕྱིར་སྐྱོད་ཀྱི་བདེ་འཇགས་བཅས་ལ་འགན་ལེན་བྱས་པ་རེད།

མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དཔྱིད་གསར་སྐྱེལ་འདྲེན་ལས་དོན་གྱི་ལས་འགན་དང་པོར་བཞག་སྟེ། ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་གསར་སྐྱེལ་འདྲེན་འགན་ལེན་བྱ་རྒྱུ་གཉིས་ཀར་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་དང་དཔྱིད་གསར་དུས་ཆེན་གོང་གི་འགྲུལ་བ་ནི་ལས་མི་དང་གཉེན་ཉེ་ཐུག་པར་འགྲོ་མཁན་གཙོ་བོ་ཡིན་པ་དང་། དུས་ཆེན་རྗེས་ཀྱི་འགྲུལ་བཞུད་མང་བའི་དུས་ཚིགས་དང་པོ་ནི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་སྒྲིལ་རྗེས་ཡིན་ཞིང་། གཙོ་བོ་གཉེན་ཉེ་ཐུག་པར་འགྲོ་མཁན་ཕྱིར་ལས་གནས་སུ་ལོག་པ་ཡིན། འགྲུལ་བཞུད་མང་བའི་དུས་ཚིགས་གཉིས་པ་ནི་ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་རྗེས་ཡིན་པ་དང་། དེ་དུས་གཙོ་བོ་སློབ་མ་དང་། ལས་མི། གཉེན་ཉེ་ཐུག་པར་འགྲོ་མཁན་བཅས་ཡིན་པས་འགྲུལ་རྒྱུན་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན། སྔོན་དཔག་བྱས་པ་ལྟར་ན་བོད་ལྗོངས་མེ་འཁོར་འབབ་ཚུགས་ཀྱི་དཔྱིད་གསར་སྐྱེལ་འདྲེན་ཟླ3པའི་ཚེས10ཉིན་གྱི་གཡས་གཡོན་དུ་མཇུག་སྒྲིལ་རྒྱུ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་དང་ལྕགས་ལམ་བདེ་འཇགས་ཀྱི་དུས་བབ་ལ་དམིགས་ནས་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་སྤ་སེ་རྫུན་མ་བཟོ་བ་དང་བཙོང་བ། སྡོད་ས་ཧམ་བཟུང་དང་བཙན་འཕྲོག་བྱེད་པ། རྐུས་བྱེད་པ་དང་། འཕྲོག་བཅོམ། མགོ་སྐོར་གཏོང་བ་སོགས་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་གཅིག་བསྡུས་ངང་རྡུང་རྡེག་གཏོང་བ་དང་འབྲེལ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལག་བསྟར་ནན་ཏན་བྱས་པ་དང་། འབབ་ཚུགས་ཀྱི་འགྲུལ་བའི་ལུས་དྲོད་ལ་ལྟ་བ་དང་བདེ་ཐང་ཨང་རྟགས་ཞིབ་བཤེར་སོགས་རིམས་ནད་སྔོན་འགོག་གི་ལས་དོན་དོན་འཁྱོལ་ལེགས་པོ་བྱས། ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ལྷ་ས་མེ་འཁོར་འབབ་ཚུགས་མངགས་གཏོང་ཁང་གིས“ན་གཞོན་འཕྲལ་སྒྲུབ་རུ་ཁག”སྒྲིག་འཛུགས་བྱས་ཏེ། འགྲུལ་བར་སྒྲིག་ལམ་སྲུང་སྐྱོང་དང་། བློ་འདྲི་ཁྲིད་སྟོན། རྒན་རྒོན་དང་ཉམས་ཞན་མི་ཚོགས། ནད་པ། དབང་བོ་སྐྱོན་ཅན། སྦྲུམ་མ་བཅས་གཙོ་གནད་འགྲུལ་བར་རོགས་སྐྱོར་བྱེད་པའི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་དམངས་ལ་སྟབས་བདེ་སྐྲུན་པ་དང་ཞབས་འདེགས་ཞུས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།