“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད95%ཡས་མས་སུ་རྒྱུན་འཁྱོངས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་གཙོ་གནད་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེའི་ཁྲོད་ལྗོངས་ཡོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད95%ཡས་མས་རྒྱུན་འཁྱོངས་བྱུང་བ་དང་ཁྲོམ་རའི་ལས་ཞུགས་ཐུབ་ཚད70%ཡན་ཟིན་ཡོད། ལྗོངས་ཡོངས་ཀྱི་རོང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱེད་ཚད་བསྡོམས་པས་ཁྲི283.9ཟིན་པ་དང་བསྡོམས་པས་རོང་འབྲོག་པ་ཁྲི36.6ལ་གསོ་སྦྱོང་བྱས་ཡོད། ལྷག་པར་དུ2020ལོར་ལྗོངས་ཡོངས་ཀྱི་ལོ་འདིའི་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད99.01%ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ལ། ལྗོངས་ཡོངས་ཀྱི་གཙོ་གནད་ཚོགས་སྤྱི་ལས་ཞུགས་ཐུབ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

དེ་དང་ཆབས་ཅིག་ཏུ“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་སྤྱི་ཚོགས་འགན་བཅོལ་སྣ་ཚོགས་ནང་ཞུགས་མཁན་མི་ཐེངས་ཁྲི288ལ་སླེབས་པ་དེ2015ལོའི་ལོ་མཇུག་ལས་མི་ཐེངས་ཁྲི87འཕར་སྣོན་བྱུང་ལ། ལྗོངས་ཡོངས་ཀྱི་ཁེ་ལས་ནང་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་གཞི་རྩའི་རྒན་གསོའི་ཟླ་རེའི་མ་དངུལ་དེ2015ལོའི་ལོ་མཇུག་ལས་སྒོར1523འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་རྒྱུན་གཏན་ལེགས་སྒྲིག་ལམ་སྲོལ་བརྟན་བརླིང་ངང་ལག་བསྟར་བྱས་ནས་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་སྒོར185བར་མཐོ་རུ་བཏང་བ་རེད། བོད་ལྗོངས་ལག་རྩལ་སློབ་གླིང་གིས་བསྡོམས་པས་དུས་ཐུང་སློབ་མ3000ལྷག་ཙམ་དང་སློབ་གྲྭའི་ལམ་ལུགས་ཀྱི་སློབ་གསོའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ1100ལྷག་ལ་གསོ་སྦྱོང་སྤེལ་བ་རེད། རྒྱལ་ཡོངས་ཀྱི་སྐབས་དང་པོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ནང་བོད་ལྗོངས་ཀྱིས་རྒྱལ་ཡོངས་རང་བཞིན་གྱི་རྒྱལ་ཁབ་རིམ་པའི་རིགས་དང་པོའི་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་གཟེངས་རྟགས་མེད་པའི་སྟོང་ཆ་བསྐངས་པ་རེད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལྗོངས་ཡོངས་སུ་བསྡོམས་པས་དབུལ་ཕོངས་མི་གྲངས་ཁྲི35.3ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། དབུལ་ཕོངས་མི་གྲངས་ཁྲི18.5ལ་གསོ་སྦྱོང་བྱས་ཤིང་། ཚགས་འཛུགས་བྱང་སྒྲིག་གི་དབུལ་ཕོངས་མི་གྲངས་ཁྲི34.7ལ་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཚབ་འཇལ་བཅས་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱིས་འགན་ལེན་བྱེད་དགོས་པའི་རིགས་ཚང་མ་འགན་ལེན་ཐུབ་པ་དང་ལོངས་སྤྱོད་བྱེད་དགོས་པའི་རིགས་ཚང་མ་ལོངས་སུ་སྤྱད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།