བོད་ལྗོངས་ཀྱིས་གནའ་དཔེ་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ལས་དོན་པ་སྒྲིག་འཛུགས་བྱས་ནས་དགོན་སྡེའི་གནའ་དཔེ་མྱུར་སྐྱོབ་དང་སྲུང་སྐྱོབ་ཀྱི་ལས་དོན་མང་པོ་ལེགས་གྲུབ་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དྭགས་ལྷ་སྒམ་པོ་དགོན་དུ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱས་ཡོད། 2013ལོའི་ཟླ་2པར། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་མི་སྣས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དྭགས་ལྷ་སྒམ་པོ་དགོན་དུ་བསྐྱོད་དེ། དགོན་པའི་ཞིག་རོའི་ཁྲོད་ནས་པར་ཤིང་རྙིང་པ་ཁྲི་1500ལྷག་ཙམ་མྱུར་སྐྱོབ་རང་བཞིན་གྱི་གཙང་བཤེར་དང་ལེགས་སྒྲིག་བྱས་པ་མ་ཟད། དཔེ་སྒྲོམ་བཟོས་ནས་གནའ་དཔེ་སྲུང་སྐྱོབ་བྱས་པ་དང་ཆབས་ཅིག ཆག་སྐྱོན་ཤོར་བའི་པར་ཤིང་64གསར་དུ་པར་བརྐོས་བརྒྱབ་པ་དང་། ཆ་ཚང་བའི་པར་གཞི་114ལ་སྲོལ་རྒྱུན་གྱི་པར་ཆ་ཚང་ཁྱོན་200བརྒྱབ་ཡོད། ཆག་སྐྱོན་ཤོར་བའི་པར་བརྐོས་དང་ཆ་ཚང་བའི་པར་གཞིར་པར་བརྒྱབ་པ་བརྒྱུད། ལོ་རྒྱུས་ཡུན་རིང་ལྡན་པའི་པར་ཤིང་དེ་དག་མུ་མཐུད་སྲུང་སྐྱོབ་དང་བེད་སྤྱོད་ཐུབ་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཀོ་ཐང་ཤང་རུད་གྲོང་ཚོའི་མ་ཎི་ལྷ་ཁང་གི་གནའ་དཔེ་ཡོངས་བཤེར་དང་སྲུང་སྐྱོབ་བྱས་ཡོད། 2014ལོར་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ཡོངས་བཤེར་མི་སྣས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཀོ་ཐང་ཤང་རུད་གྲོང་ཚོའི་མ་ཎི་ལྷ་ཁང་རྙིང་པའི་གནའ་དཔེ་270ལ་ཉིན་11རིང་གི་ཡོངས་བཤེར་ཐོ་འགོད་དང་། ཡིག་ཚགས་བཟོ་བ། ལེགས་སྒྲིག་བཅས་ཀྱི་ལས་དོན་སྤེལ་ནས། གནའ་དཔེ་སྲུང་སྐྱོབ་ཀྱི་དཔེ་རས་དང་ཡིག་བྱང་བཟོས་པ་རེད། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ད་དུང་ཇུས་གཞི་བཟོས་ནས་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲོན་དངུལ་སྒོར་ཁྲི་45བརྩོན་ལེན་བྱས་པ་དང་སྦྲགས། འབྲེལ་ཡོད་གྲོང་ཚོར་རྒྱ་ཁྱོན་སྨི་ངོས་གྲུ་50ལྷག་ཙམ་ཟིན་པའི་གནའ་དཔེ་ཉར་ཚགས་མཛོད་ཁང་བསྐྲུན་པ་མ་ཟད། གནའ་དཔེའི་དཔེ་སྒྲོམ་དང་གནའ་དཔེ་བླུག་སྣོད་བཟོས་པས། རྩ་ཆེའི་གནའ་དཔེ་དེ་དག་ལ་དུས་ཐོག་ཏུ་སྲུང་སྐྱོབ་ཐུབ་ཡོད། 2016ལོའི་ཟླ་10པར། ཡོངས་བཤེར་མི་སྣས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རུད་གྲོང་ཚོ་དང་ཉིང་གྲོང་ཚོའི་རྩ་ཆེའི་གནའ་དཔེ་ཉར་ཚགས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་ལེགས་གྲུབ་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བྱ་ཡུལ་པད་དཀར་དགོན་གྱི་རྩ་ཆེའི་གནའ་དཔེ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་ཉར་ཚགས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བའི་ལས་དོན་ལེགས་གྲུབ་བྱས་ཡོད། 2013ལོར་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་མི་སྣས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་རྟོག་ཞིབ་བྱེད་རིང་། རྫོང་དེའི་བྱ་ཡུལ་ཤང་པད་དཀར་དགོན་པར་རྩ་ཆེའི་གནའ་དཔེ་མང་པོ་ཞིག་ལོ་ལྟར་གྱང་གཉིས་ཀྱི་བར་དུ་སྤུངས་ཡོད་པ་དང་། གྱང་གཉིས་ཀྱི་སྲུབས་ཤུལ་དབར་ཐོག་སོ་གཉིས་ཀྱི་མཐོ་ཚད་དང་ལི་སྨི་90གཡས་གཡོན་གྱི་ཞེང་ཚད་ཡོད་པ་ཤེས་རྟོགས་བྱུང་ཡོད། གནའ་དཔེ་དེ་དག་གི་ནང་དུ་སྔ་དུས་ཀྱི་ལག་བྲིས་དང་སྤུས་དག་གི་པར་ཤིང་ཡོད་པ་མ་ཟད་དཔར་མ་དེ་དག་ལ་རིགས་བཅུ་ལྷག་ཙམ་ཡོད། 2015ལོའི་ཟླ་10པར། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་དང་རིག་དངོས་ཅུས་དང་དགོན་སྡེ་དེའི་དགེ་འདུན་པ་དང་མཉམ་དུ་པད་དཀར་དགོན་ནས་སྔོག་འདོན་བྱས་པའི་རྩ་ཆེའི་གནའ་དཔེ་66ལ་གཙང་བཤེར་རིགས་དབྱེ་དང་ལེགས་སྒྲིག་གི་ལས་དོན་སྤེལ་བ་རེད།

ལྷ་ས་གྲོང་ཁྱེར་རྨེ་རུ་དགོན་གྱི་གནའ་དཔེ་ཡོངས་བཤེར་ལེགས་སྒྲིག་ལས་དོན་སྤེལ་ཞིང་། ལྷ་ས་རྨེ་རུ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་གདན་ཞུས་ལྟར། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་རྨེ་རུ་དགོན་ནས་ཐོན་པའི་གནའ་བོའི་གསུང་རབ་དང་ཚད་ལྡན་ཡིག་ཆ་150ལྷག་ཙམ་ལ་དུས་ཡུན་གཟའ་འཁོར་གཅིག་རིང་གཙང་བཤེར་དང་། རིགས་དབྱེ། སྒྲིག་ཆས་དང་དཔེ་སྒྲོམ་བཟོ་བ། ཐོ་འགོད་སོགས་ཀྱི་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་དོན་སྤེལ་བ་རེད།

ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ལྷ་ཁང་ཁྲ་འཁྱིལ་མ་ནས་ཐོན་པའི་གནའ་དཔེ་མྱུར་སྐྱོབ་ལེགས་སྒྲིག་བྱས་ཡོད། 2016ལོར། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ཡོངས་བཤེར་སླར་གསོའི་ཚོགས་ཆུང་དང་བཅས་པའི་མི་ལྔ་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་དུ་མངགས་ནས་ལྷ་ཁང་ཁྲ་འཁྱིལ་མ་ནས་ཐོན་པའི་བསླས་འཐག་ཁུག་མ་400ཡི་ནང་གི་གནའ་དཔེར་རིགས་དབྱེ་ལེགས་སྒྲིག་དང་གཙང་བཤེར་སོགས་མྱུར་སྐྱོབ་རང་བཞིན་གྱི་ལས་དོན་སྤེལ་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཕུ་རྫོང་མོ་དགོན་སོགས་ཀྱི་གནའ་དཔེ་ཉར་ཚགས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་ཡོད། ཐག་རིང་ལུང་ཁུག་གི་གནའ་དཔེ་ཉར་ཚགས་ཚན་པའི་གནའ་དཔེ་ཉར་ཚགས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ཉར་ཚགས་ཚན་པས་ས་གནས་ས་ཐོག་ཏུ་རྟོག་ཞིབ་འབྲེལ་མཐུད་དང་། འཆར་གཞི་བཟོ་བ། གྲོན་དངུལ་བརྩོན་ལེན་སོགས་ཀྱི་ལས་དོན་སྤེལ་བས་ཉར་ཚགས་ཚན་པ་མང་པོའི་རྩ་ཆེའི་གནའ་དཔེ་དུས་ཐོག་ཏུ་མྱུར་སྐྱོབ་དང་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་གཞི་རིམ་གྱི་གནའ་དཔེ་ཉར་ཚགས་ཚན་པ་16གི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་ལེགས་གྲུབ་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།