བོད་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་དེ་ལྗོངས་ཡོངས་ཀྱི་མངའ་ཁོངས་ཀྱི45%ཟིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་གསང་ཐག ཐོན་ཁུངས་བེད་སྤྱོད་ཚད་ཐིག་བཅས་དབྱེ་འབྱེད་གཏན་འབེབས་བྱས་པས། མིག་སྔར་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་ལྗོངས་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་ཀྱི45%ཟིན་ཡོད། 

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བོད་ལྗོངས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་མངའ་ཁོངས་ཀྱི་བསྒྲིགས་བཀོད་ལ་སྐུལ་འདེད་དང་། སྐྱེ་ཁམས་ཁོར་ཡུག་ཡན་ལག་ས་ཁུལ་བདག་སྐྱོང་ལག་བསྟར་བྱས་ཏེ། རིགས་སོ་སོའི་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ22སྐྲུན། བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་དང་བཙོག་འབུད་ཆོག་མཆན་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་འགན་འཁྲི་ལམ་ལུགས་བཙུགས་ནས་གཟབ་ནན་གྱིས་ཆུའི་ཐོན་ཁུངས་བདག་གཉེར་ལ་སྐུལ་འདེད་བཏང་། དེ་དང་ཆབས་ཅིག་བོད་ལྗོངས་ཀྱིས་རིགས་སོ་སོའི་སྐྱེ་ཁམས་གྱོང་གསབ་མ་དངུལ་དུང་ཕྱུར296.3དངོས་འབེབས་བྱས་ནས་མང་ཚོགས་སྔར་ལས་མང་པོས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་འཕར་བ་རེད། 

མིག་སྔར། བོད་ལྗོངས་ཀྱི་རྩྭ་ཐང་ཕྱོགས་བསྡུས་སྤང་ཤུན་ཁྱབ་ཚད47%ཟིན་པ་དང་། སྐམ་སའི་རི་སྐྱེས་སྲོག་ཆགས་རིགས1072སླེབས་ཡོད་ཅིང་། ཁྲུང་ཁྲུང་སྐེ་ནག གཙོད་སོགས་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཀྱི་རིགས་ཇེ་མང་དུ་སོང་ཡོད། གྲོང་ཁྱེར5དང་རྫོང་མཁར3གྱིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་དང་རྫོང་མཁར་སྐྲུན་ཡོད།

 2021ལོར་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ནགས་དཔོན་ལམ་ལུགས་བཙུགས་ནས་ས་བབ་མཐོ་ཚད་སྨི4300མན་ལ་སྡོང་འཛུགས་ནགས་སྐྲུན་བྱ་རྒྱུ་དང་སྔོན་དཔག་བྱས་པ་ལྟར་ན་ནགས་སྐྲུན་བྱེད་ཚད་མུའུ་ཁྲི110ལ་བསླེབ་རྒྱུ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གཏིང་ཇེ་ཟབ་ཏུ་བཏང་སྟེ་རྒྱུན་མཐུད་ངང“གཙང་བོ་གཉིས་དང་ཆུ་བོ་བཞི”ཡི་འབབ་རྒྱུན་དུ་ནགས་སྐྲུན་ལྗང་སྒྱུར་དང་། བྱེ་འགོག་བྱེ་བཅོས་སོགས་ཀྱི་གཙོ་གནད་ལས་གཞིར་སྐུལ་འདེད་བཏང་སྟེ། གཙོ་གནད་འབབ་རྒྱུན་གྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྒྲིག་ལས་གཞིའི་དུས་འགོའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།