འཛད་སྤྱོད་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འཛད་སྤྱོད་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་གྱུར་ཡོད། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཁྲོམ་ར་མགྱོགས་མྱུར་འཕེལ་རྒྱས་རྒྱུན་མཐུད་བྱུང་ནས་ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་745.78ཟིན་པ་དེ་2015ལོ་ལས་56.3%འཕར་བ་དང་ལོར་ཆ་སྙོམས་འཕར་ཚད་9.3%ཟིན་ཡོད།

བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་བསོད་ནམས་བཀྲ་ཤིས་ཀྱིས། 2020ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་དངུལ་འབོར་2015ལོ་ལས་56.6%འཕར་བ་དང་ལོར་ཆ་སྙོམས་འཕར་ཚད་9.4%ཟིན་པ་དང་། གྲོང་གསེབ་ཀྱི་སིལ་ཚོང་དངུལ་འབོར་2015ལོ་ལས་55.3%འཕར་བ་དང་ལོར་ཆ་སྙོམས་འཕར་ཚད་9.2%ཟིན་ཡོད་པས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་ངོ་སྤྲོད་བྱས།

གྲངས་གཞི་ལས་མངོན་གསལ། 2020ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1902.74ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་ལོ་གོང་མ་ལས་7.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་150.65ཟིན་པ་དེ་7.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་798.25ཟིན་པ་དེ་18.3%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་953.84ཟིན་པ་དེ་1.4%འཕར་བ་བཅས་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་བ་དེ་ནི་འཛད་སྤྱོད་འཕར་བའི་སྒུལ་ཤུགས་ཀྱི་འབྱུང་རྩ་ཡིན། 2020ལོར་བོད་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21744ཟིན་པ་དེ་ལོ་གོང་མ་ལས་11.5%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156ཟིན་པ་དང་10%འཕར་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དང་12.7%འཕར་ཡོད།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས། དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཁྲོད་འཛད་སྤྱོད་ཀྱི་སྣེ་ཁྲིད་ནུས་པ་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། 2021ལོར་བོད་ཀྱིས་ནང་ངོས་ཀྱི་དགོས་མཁོ་རྒྱུན་མཐུད་ཆེ་རུ་བཏང་སྟེ། འཛད་སྤྱོད་གཱ་སྤྲོད་པ་དང་སྤོམ་ཆེའི་ཚོང་ཟོག་བྲིན་ཚོང་བྱས་ནས་མཚན་མོའི་དཔལ་འབྱོར་དང་མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་བྱ་ཐབས་ལ་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ཏེ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་10%ཡས་མས་ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།