“ལོ་ལྔའི་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་སྒོར་དུང་ཕྱུར་བརྒྱ་ལྷག་འཕར་བ།

W020210126545991337923.jpg

འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས25ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི2020ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་གཅིག་གྱུར་ཞིབ་རྩིས་བརྒྱབ་པར་གཞིགས་ན། 2020ལོ་ཧྲིལ་པོའི་བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1902.74ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། ལོ་གོང་མ་ལས7.8%འཕར་བ་དེ་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས5.5ལས་མཐོ་བས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེ་དང་ཆབས་ཅིག་ཏུ“ལོ་ལྔའི་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་གྱི་ཚད་གཞི་ལྟར་འཕར་བཞིན་ཡོད་ལ། འཕར་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

གཞི་གྲངས་ལས་མངོན་པ་ལྟར། 2020ལོར་རང་སྐྱོང་ལྗོངས་ཀྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21744ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི4.8གསར་དུ་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད4%ཡི་ནང་ཚོད་འཛིན་ཐུབ་པ། རོང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ཁྲི60.1གཞན་སྒྱུར་བྱས་པ་བཅས་རེད། “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་ནས་བཟུང་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་དང་། བརྟན་པོ། མྱུར་པོ་བཅས་ཀྱི་ངང་འཕར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2015ལོའི་སྒོར25457ནས2020ལོའི་སྒོར41156བར་འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད10.1%ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2015ལོའི་སྒོར8244ནས2020ལོའི14598བར་འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད12.1%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་བསྡུར་ཚད2015ལོའི3.09ནས2020ལོའི2.82བར་ཆག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

2020ལོའི་ཟླ1པོ་ནས11བར་དུ་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞངས་ཞུའི་ལས་རིགས་ཀྱི་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར143.42ཟིན་ཏེ་གྱོང་སེལ་ཁེ་སྤར་མངོན་འགྱུར་བྱུང་བ་རེད།

2020ལོར་ལྗོངས་ཡོངས་སུ་འབྲུ་རིགས་ཐོན་ཚད་ཏུན་ཁྲི103.96ཡོད་པ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར745.78ཟིན་པ་དང་། སྔ་རྗེས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3505.01སྣེ་ལེན་བྱས་པས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར366.42མངོན་འགྱུར་བྱུང་ཡོད། ནོར་སྲིད་འགན་སྲུང་ཐད།2020ལོར་ལྗོངས་ཡོངས་སུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར220.98ཟིན་ཡོད་ཅིང་། 2015ལོ་ལས61.2%འཕར་ནས་ལོ་རེའི་ཆ་སྙོམས་འཕར་ཚད10.0%ཟིན་པ་དང་། ནོར་སྲིད་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་བས་རང་ངོས་འཕེལ་རྒྱས་དང་རང་ཉིད་འགན་སྲུང་གི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2020ལོར་བོད་ལྗོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར2207.77ཟིན་ནས2015ལོ་ལས59.6%འཕར་ཏེ་ལོ་རེའི་ཆ་སྙོམས་འཕར་ཚད9.8%ཟིན་ཡོད་ལ། ནོར་སྲིད་འགྲོ་གྲོན་གཞི་ཁྱོན་ཆེན་པའི་འཕར་སྣོན་བྱུང་བས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཇེ་དྲག་ཏུ་སོང་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་དམངས་གཉེར་ཁེ་ལས་པ་ཧན་ཡུས་ཀྱིས་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་རྒྱ་ཆེའི་ཚོང་གཉེར་བར“ལས་གཏོད་བློ་སེམས་རྩེ་གཅིག་ཡིན་པ་དང་། མ་འཇོག་ཐད་བློས་འགེལ་ཆོག་པ། ཚོང་གཉེར་ཐད་བློ་བདེ་པོ་ཡོང་བའི”ཁོར་ཡུག་བཟང་པོ་དང་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་གསར་འགོད་པར་བཤད་བྱུང་། ཁོང་གིས“ལོ་གསར་པའི་ནང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འོད་སྟོང་འབར་བའི་གྲུབ་འབྲས་བཟང་པོ་བླངས་ནས་དམངས་གཉེར་དཔལ་འབྱོར་ལ་རེས་སྐོར་གསར་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།