བོད་འདི་ཉིད་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདས་ཟིན་པའི་ལོ5ཡི་རིང་བོད་ཀྱིས་སློབ་གསོ་དང་། འཕྲོད་བསྟེན། སྤྱི་ཚོགས་འགན་ལེན། ལས་ཞུགས་སོགས་ཁྱབ་ཁོངས་སུ་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་2470བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པ”ལས་98.3%འཕར་ཡོད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་གྲངས་གཞི་ལས་མངོན་པར“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན། བོད་ཀྱི་རིམ་པ་དེ་གའི་ནོར་སྲིད་ཀྱི་གཏོང་སྒོའི་ཁྲོད་ནས་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་སུ་སྤྱད་པའི་གཏོང་སྒོས་80%ཡན་བཟུང་ཡོད། དམངས་འཚོ་འགན་ལེན་ཏན་ཏིག་བྱས་ཏེ་ས་མཐོའི་མང་ཚོགས་དབུལ་པོའི་གནས་ལས་སྒྲོལ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཤའོ་ཧོའུ་གོ་ཡིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམངས་འཚོ་འཕེལ་རྒྱས་ཀྱི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

སྤྱི་ཚོགས་འགན་ལེན་ཐད་བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག་འགན་ལེན་ལྔའི་བསྙེན་བཀུར་དང་དྭ་ཕྲུག་གསོ་ཉར་གཉིས་ཀ་གཅིག་སྡུད་ཀྱང་བྱུང་ཡོད། སློབ་གསོའི་བྱ་གཞག་འགན་ལེན་བྱེད་པའི་ཐད་ལོ་5ཡི་ནང་བོད་ཀྱི་སློབ་གསོའི་ཐད་ཀྱི་གཏོང་སྒོ་ལོར་ཆ་སྙོམས་15%འཕར་ཏེ་སློབ་གྲྭར་མ་བསྐྱོད་གོང་ནས་མཐོ་འབྲིང་དུས་མཚམས་བར་གྱི་ལོ་15ཡི་སློབ་གསོའི“འགན་ལེན་གསུམ”(ཟ་སྡོད་དང་གཞི་རྩའི་སློབ་ཡོན་འགན་ལེན)མངོན་འགྱུར་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་སློབ་རོགས་དངུལ་གྱི་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་པ། སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ཚང་མར་ཁྱབ་པ་བཅས་རེད། ལས་ཞུགས་བརྟན་པོའི་ཐད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་རིམ་རྩིས་ལྟར་ན་ལས་ཞུགས་ཁ་གསབ་སྒོར་དུང་ཕྱུར་63བཏང་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་21.06ལས་ཞུགས་གསར་འཕར་བྱུང་ཡོད། ཞིང་འབྲོག་པ་དང་མི་འབོར་དབུལ་པོ་ལས་ཞུགས་གཞན་སྒྱུར་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།

གཞན་ཡང་། བོད་ཀྱིས་ད་དུང་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ། འཕྲལ་སྡོམ་རོགས་སྐྱོབ་བཅས་ཕན་གསབ་འབྲེལ་མཐུད་ཀྱི་རིམ་པ་མང་བའི་སྨན་བཅོས་འགན་ལེན་མ་ལག་བསྐྲུན་ནས་སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་ལོར་ཆ་སྙོམས་20%ཙམ་འཕར་ཡོད།

དམངས་འཚོར་དམ་འཛིན་བྱེད་ཞོར་དུ་འཕེལ་རྒྱས་ལ་དམ་འཛིན་བྱས་པ།

གློག་ཁུངས་གཙང་མ་དང་གློག་ཆེན་དྲ་བ་བཙུགས་པ་ལས་བོད་རང་སྐྱོང་ལྗོངས་ཀྱི་གློག་སྤྱོད་ཐེག་ཚད་རྒྱུན་མཐུད་ངང་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”འཆར་འགོད་བྱེད་རིང་བོད་ཀྱི་སྤྱི་ཚོགས་ཧྲིལ་པོར་གློག་སྤྱོད་ཚད་2015ལོའི་ཆན་ཝ་ཆུ་ཚོད་དུང་ཕྱུར་40.53ནས་2020ལོའི་ལོ་འཁོར་མོ་བར་སྔོན་དཔག་བྱས་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་82.45ཟིན་རྒྱུ་ཡིན་པ་དེ་འཕར་ཚད་100%ལས་བརྒལ་རྒྱུ་རེད། 2020ལོའི་ལོ་མཇུག་ཏུ་བོད་ཀྱི་གློག་དྲ་ལྗོངས་ཡོངས་ཀྱི་རྫོང(ཆུས)74དང་ཤང་གྲོང་གཙོ་བོར་ཁྱབ་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དང་མཐར་ལུས་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཚོས་གློག་སྤྱོད་ཐུབ་པ་ནས་གློག་ཡག་པོ་སྤྱོད་ཐུབ་པའི་བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར་475བཏང་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་ཆུ་མཁོ་འདོན་ཁྱབ་ཚད་དང་། བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་བྱེད་ཚད། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་བཅས་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པའི་ཁར་འགྲིམ་འགྲུལ་སྐྱེལ་འདྲེན་དང་གློག་ཤུགས་མཁོ་འདོན་སོགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ་གངས་ལྗོངས་ས་མཐོ་འདི་ཉིད་དེ་བས་སྡོད་མལ་ལ་འཚམ་པ་མ་ཟད། ད་དུང་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཡང་ཐུབ་ཡོད། ནས་དང་སྔོ་ཚལ་འདེབས་ཁྱོན་ཆེ་རུ་དང་སྤུས་ཚད་ལེགས་སུ་ཕྱིན་པ་དང་། མི་སེར་གྱི་འཚོ་བཅུད་ལེགས་སུ་ཕྱིན་པ་དང་དུས་མཚུངས་གསར་དར་ཞིང་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་ཕྱིན་ཡོད།

ལོར་སྔོ་ཚལ་ཏུན་ཁྲི་77ཐོན་སྐྱེད་ཐུབ་པས་བོད་ཀྱི་མི་དམངས་ཚོའི་ཚལ་རིགས་ཀྱི་སེམས་ཁྲལ་བསལ་བ།

ལོ་58ལ་སླེབས་པའི་ངག་དབང་ནོར་བུས་ལག་གཡས་པར་ཚལ་སྣོད་འཁྱེར་ནས་ལྕགས་པོ་རིའི་ཞིང་ཞོར་ཁྲོམ་ར་ནས་དོན་བཞིན་འདུག གསར་འགོད་པས་ཁོང་ལ་ཅི་ཞིག་ཉོས་མིན་སྐད་ཆ་འདྲི་སྐབས་ཁོང་གིས་ཁུག་མ་དེ་བསྟན་ནས་གད་མོ་འཚེར་འཚེར་གྱིས“ངས་ཀྲོ་མ་ཀྲུ་དང་། སྒོ་ང་། ཆིན་ཚལ་བཅས་ཉོས་པ་ཡིན། ཁྱིམ་དུ་ལོག་ནས་ཁ་ལག་བཟོ་རྩིས་ཡོད”ཅེས་བཤད།

ལོ་ཉི་ཤུ་སུམ་ཅུའི་གོང་ས་བབ་མཐོ་ལ་གསོ་རླུང་མི་འདང་བ་དང་རང་བྱུང་ཆ་རྐྱེན་ཞན་པ་མ་ཟད། ཐོན་སྐྱེད་ལག་རྩལ་རྗེས་ལུས་དང་འགྲིམ་འགྲུལ་གྱི་འགོག་རྐྱེན་ལས་བོད་དུ་སྔོ་ཚལ་གཞི་ཁྱོན་ཆེན་པོས་འདེབས་ཐབས་བྲལ་བས“ཚལ་རིགས་དཀོན་པའི”གནད་དོན་མངོན་གསལ་དོད་པོ་ཡོད། ངག་དབང་ནོར་བུས“ཆུང་དུས་རྩམ་པ་དང་། དཀར་ཆུའི་ཐོན་རྫས། ཤ་རིགས་ཕུད་རང་ཁྱིམ་གྱིས་བཏབ་པའི་ཞོག་ཁོག་དང་། པད་ཚལ། ལ་ཕུག་བཅས་ལས་སྔོ་ཚལ་རིགས་གཞན་སྤྱིར་ན་མཐོང་རྒྱུ་མེད། རྗེས་སུ་ཚལ་རིགས་སྣ་ཁ་མང་དུ་ཕྱིན་མོད། འོན་ཀྱང་རིན་གོང་མཐོ་བས་མང་པོ་ཉོ་ཐབས་བྲལ”ཞེས་དྲན་གསོ་བྱེད་བཞིན་བཤད།

གྲོང་མིའི་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། བོད་ཀྱིས“ཤ་ཚལ་སྒོང”གསུམ་གྱི་འདུ་འགོད་དམངས་འཚོ་ལེགས་གཏོང་གི་ལས་དོན་གལ་ཆེན་ལ་བརྩིས་ཏེ་རིམ་ཁག་སྲིད་གཞུང་གི་ལས་རྗེས་དཔྱད་ཞིབ་ཀྱི་ནང་དོན་ཁྲོད་བཅུག་ནས་སྔོ་ཚལ་འདེབས་ཁྱོན་ཆེ་རུ་དང་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་བསྐྲུན་ཡོད།

བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་འདེབས་འཛུགས་དོ་དམ་ཁྲུའི་ཁྲུའུ་ཀྲང་དབྱང་ཅན་པིན་གྱིས“ང་ཚོས་གནམ་གཤིས་དང་ས་རྒྱུའི་ཁྱད་ཆོས་ལ་གཞིགས་ཏེ་སྒྲིག་བཀོད་ཞིང་ལས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་ཆབས་ཅིག མཐོ་གྲང་ས་ཁུལ་གྱི་འདེབས་འཛུགས་ལག་རྩལ་ལ་ཞིབ་འཇུག་བྱས་ནས་ཅིའུ་ཚལ་དང་། ཆིན་ཚལ། ཐུང་ཧའོ་ཚལ་སོགས་སྣ་ཁ་གསར་པ་ནང་འདྲེན་བྱས་ནས་བཏབ་པས་ལྗོངས་ཡོངས་ཀྱི་སྔོ་ཚལ་མཁོ་སྤྲོད་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད”ཅེས་བཤད།

བོད་ཀྱིས་ད་དུང་བོད་བྱ་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་བོད་བྱ་སྐྱོང་གསོ་དང་། བོད་བྱ་ཁ་ཐོར་དུ་གསོ་བ། རེས་སྐོར་གསོ་ཚགས་བཅས་ཀྱི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། 2019ལོར་བོད་དུ་བྱ་རིགས་ཀྱི་སྒོ་ང་ཏུན་5366.44ཐོན་པའི་ཁྲོད་བྱ་སྒོང་ཐོན་ཚད་ཏུན་5364.62ཟིན་ཡོད།

ད་ཆ་བོད་དུ་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་38.75ཟིན་ནས་ཐོན་ཚད་ཏུན་ཁྲི་77.19ཟིན་གྱི་ཡོད། དབྱར་ཁ་དང་སྟོན་ཁར་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་སྔོ་ཚལ་རང་མཁོ་རང་སྤྲོད་ཐུབ་ཚད་85%ཟིན་པ་དང་དགུན་ཁ་དང་དཔྱིད་ཀར་རང་མཁོ་རང་སྤྲོད་ཐུབ་ཚད་65%ཟིན་ནས་ཚལ་རིགས་དཀོན་པའི་གནད་དོན་རིམ་བཞིན་ཐག་གཅོད་ཐུབ་ཡོད། དབྱང་ཅན་པིན་གྱིས“ཉེ་བའི་ལོ་ཤས་རིང་བོད་དུ་སྔོ་ཚལ་འདེབས་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་པའི་ཁར་ཕྱི་ཕྱོགས་ནས་དབོར་འདྲེན་བྱས་པ་བརྒྱུད་བོད་ཀྱི་གྲོང་མིའི་སྔོ་ཚལ་གྱི་དགོས་མཁོ་སྤྱིར་ན་བསྐངས་ཡོད”ཅེས་བཤད།

ལས་ཞུགས་གཞན་སྒྱུར་བྱས་པ་ལས་བོད་ཀྱི་ཞིང་འབྲོག་པ་ཁྲི་60ལྷག་ཙམ་གྱིས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།

ལོ་46ལ་སླེབས་པའི་སྒྲོན་ལགས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དཔེ་ལེབ་གྲོང་ཚོའི་གྲོང་མི་ཡིན་པ་དང་ལོ་གཉིས་ཀྱི་གོང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱས་ནས་ཐག་རིང་ལུང་ཁུག་ནས་རྫོང་གྲོང་དང་ཐག་ཉེ་བའི་གྲོང་གསར་དུ་སྤོས་ཏེ་བུ་མོ་དང་མཉམ་དུ་སྨི་ངོས་གྲུ་50ལྷག་ཙམ་ཡོད་པའི་ཁང་པ་གསར་པའི་ནང་སྡོད་ཀྱི་ཡོད། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་དེང་རབས་ཞིང་འཕྲུལ་ཡོ་བྱད་སྤྱོད་པ་ལས་སྒྲོན་ལགས་དང་འདྲ་བར་བོད་ཀྱི་ཞིང་འབྲོག་པ་མང་ཆེ་བ་ཞིང་འབྲོག་ལས་ཐོན་སྐྱེད་དང་ལས་ཕྱོད་དམའ་བའི་ངལ་རྩོལ་ཐད་དུས་ཚོད་འཕྲོ་བརླག་གཏོང་མི་དགོས་པར་ཞིང་དལ་གྱི་དུས་ཚོད་མང་པོ་ཡོད་པ་རེད།

ཁོང་ལ་རྫོང་གྲོང་གི་ཐོན་ལས་གླིང་ནས་སྣམ་བུ་འཐག་རྒྱུའི་ལས་ཀ་ཞིག་རག ཁོང་གིས“སྣམ་བུ་འཐག་པར་ལོ་གཅིག་ལ་ཡོང་འབབ་སྒོར་5000ཙམ་ཡོད་པའི་ཁར་ནས་འདེབས་པ་སོགས་ལས་ད་ཆ་ཁྱིམ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་16000ལྷག་ཙམ་ཡོང་གི་འདུག”ཅེས་བཤད།

ཉེ་བའི་ལོ་ཤས་རིང་བོད་ཀྱི་ཞིང་འབྲོག་ཁུལ་ཞིང་ལས་ཀྱི་འཆིང་རྒྱ་ལས་མཐར་ཏེ་ངལ་ནུས་ལྷག་མ་ལས་ཞུགས་གང་ལེགས་ཐུབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་ཆེད། བོད་ཀྱིས་མང་ཚོགས་ཀྱི་འདོད་འདུན་བཞིན་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་དང་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་བྱས་པ་རེད། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་གྲངས་གཞི་ལས་མངོན་གསལ། 2020ལོའི་ཟླ་11གི་ཟླ་མགོ་བར་བོད་ཀྱི་ཞིང་འབྲོག་ཁུལ་དུ་མི་ཁྲི་60.4ལས་ཞུགས་གཞན་སྒྱུར་ཐུབ་ཡོད།

བོད་ཀྱི་ཞིང་འབྲོག་པས་ལྗོངས་ཡོངས་ཀྱི་མི་འབོར་གྱི་68.5%ཟིན་པ་དང་ཞིང་འབྲོག་པ་ཁྲི་240ཙམ་གྲོང་ཚོ(གྲོང་ལྷན)5400རུ་ཁ་ཐོར་ལ་གནས་ཡོད། ཉེ་བའི་ལོ་ཤས་རིང་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་ཕྱིན་པའི་ཕན་པའི་འོག་ཞིང་འབྲོག་ལས་ཐོན་སྐྱེད་དང་། འཐུང་ཆུའི་བདེ་འཇགས། གློག་སྤྱོད་སོགས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། བོད་ཀྱི་ཞིང་འབྲོག་པ་ན་གཞོན་མང་དག་ཅིག་གིས་ཐོང་གཤོལ་དང་རྟ་ལྕག་བཞག་སྟེ་ཞིང་འབྲོག་ཁུལ་ནས་ཁ་གྱེས་པ་དང་གྲོང་རྡལ་དུ་བསྐྱོད་ནས་ཐོན་ལས་བཟོ་པ་དང་ཞབས་ཞུ་བ་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་གྲུབ་ཆར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ཁེར་རྐྱང་འབད་འཐབ་བྱེད་པ་ནས་ཆེད་ལས་མཉམ་ལས་བར་བོད་ཀྱི་ཞིང་འབྲོག་པ་ཁྲི་53ལྷག་ཙམ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ།

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་གྱི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་གྲོང་མི་བཀྲ་ཤིས་སྒྲོལ་དཀར་གྱིས་མེ་ཏོག་སྡེབ་སྦྱོར་བྱེད་བཞིན་ཡོད།

“ད་ཆ་མཉམ་ལས་ཁང་དང་རྩལ་ནུས་གསོ་སྦྱོང་སློབ་གྲྭ་མཉམ་ལས་བྱས་པ་བརྒྱུད་ང་ཚོར་ཞིང་འབྲོག་པའི་ཐོན་སྐྱེད་ལག་རྩལ་བསླབ་བྱུང་ལ་བྲིན་ཚོང་གནད་དོན་ཡང་ཐག་གཅོད་བྱས་བྱུང་། ང་ཚོའི་ཁྱིམ་དུ་ཁྱོན་འགྱིག་ཤོག་དྲོད་ཁང་ཆེ་མོ་5ཡོད་པ་དང་དྲོད་ཁང་རེ་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་འདུག”ཅེས་བཀྲ་ཤིས་སྒྲོལ་དཀར་གྱིས་བཤད། ཀྲོ་མ་ཀྲུ་དང་། ཧོང་ཀྭ། སུར་པན་སོགས་ནི་ཁོང་གིས་བཏབ་པ་ཞིག་རེད།

སྔོན་ཆད་བོད་ཀྱི་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ་ནི་ཁྱིམ་ཚང་ཚན་པར་བྱ་རྒྱུ་དེ་ཡིན་པས་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། ཚོང་ཟོག་ཅན་དུ་འགྱུར་ཚད་ཞན་པ། ཁྲོམ་རའི་འགྲན་ནུས་ཆུང་བ། ཉེན་ཁ་སྔོན་འགོག་གི་ནུས་པ་ཞན་པ་བཅས་རེད།

དེར་བརྟེན་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་མིག་རྒྱང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ཕྱོགས་ཏེ་ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་ལས་རིགས་དང་། ཞིང་འབྲོག་ཐོན་ལས་ལས་སྣོན་ལས་རིགས། ཟོག་འགྲེམས་སྐྱེལ་འདྲེན་ལས་རིགས། མི་རིགས་ལག་ཤེས་ལས་རིགས་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས་མཉམ་ལས་ཁང་སྒྲིག་འཛུགས་བྱས་ཏེ་བཙུགས་པ་དང་འབྲེལ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། རོགས་སྐྱོར་སྣེ་ཁྲིད། སྒྲིག་ཆས་འཛུགས་སྐྲུན། ཐོན་རྫས་སྐྱེད་སྲིང་། ཁྲོམ་ར་རྒྱ་སྐྱེད། སྤུས་རྟགས་བཏོད་པ་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད།

བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་སྙན་ཞུའི་ནང་མངོན་གསལ། 2019ལོའི་ལོ་མཇུག་བར་བོད་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་13726ཟིན་པ་དེ་དུས་མཚུངས་ལས་58.8%འཕར་བ་དང་། མཉམ་ལས་ཁང་ནང་ཞུགས་མཁན་དུད་ཚང་164749དང་མི་537159ཟིན་པ། མཉམ་ལས་ཁང་གིས་དུད་ཚང་77632དང་མི་213830ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཡོད།

གྲངས་གཞི་ལས་མངོན་གསལ། 2020ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་ཞིང་འབྲོག་པ་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་9039ཟིན་པ་དེ་དུས་མཚུངས་ལས་12.2%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་6.4ཡིས་མཐོ་བ་ དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་བརྒྱ་ཆའི་གྲངས་2.4ལས་མཐོ་བ་ཡོད།

གྲོང་གསེབ་ཏུ་དྲ་ཐོག་ཚོང་ཁང་ཡོངས་སུ་ཁྱབ་པས་ཡུལ་ཟོག་ཕྱིར་གཏོང་ཐུབ་པ།

ལྷ་ས་ནས་སྤྱི་ལེ་1400ཙམ་གྱི་སར་ཡོད་པའི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་དུ་ནང་སའི་བཟོ་གྲྭས་ལས་ཚབ་ཐོན་སྐྱེད་དང་ས་གནས་དེ་གའི་ཐོན་རྫས་གླ་ཚེར་མ་བཅོས་རྒྱུ་ཆར་བྱས་པའི་གླ་ཚེར་གྱི་ཁུ་བ་དང་། འདུར་མ། སྣུམ་སོགས་ཀྱི་ཐོན་རྫས་ཀྱང་དྲ་ཐོག་ལས་སྟེགས་བརྒྱུད་རྒྱལ་ཡོངས་སུ་བྲིན་ཚོང་བྱེད་ཀྱི་ཡོད།

གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ནས་ཐོན་ཡུལ་གཙོ་བོ་ཞིག་རེད། དེ་སྔ་གནས་འདིར་ནས་ཀྱི་30%མ་མཐར་ཡང་ཞིང་འབྲོག་པ་རང་ཉིད་ནས་སྤྱོད་པ་ལས་ཚོང་ཟོག་ཅན་དུ་འགྱུར་ཚད་ཞན་པ་དང་། ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་ཆུང་བ། ས་གནས་དེ་གས་ནས་ཀྱི་དཔལ་འབྱོར་རིན་ཐང་ཐད་ངོས་འཛིན་གང་ལེགས་མི་ཐུབ་པ་བཅས་ཡོད། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་རྒྱལ་རྩེ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་དབྱིས་ཡིས། ཧྲང་ཧའེ་ཡི་བོད་སྐྱོར་ལས་དོན་རུ་ཁག་གིས་དྲ་ཐོག་ལས་སྟེགས་དང་སྦྲེལ་ཟམ་བཙུགས་ནས། བཟའ་འཐུང་ཚོང་པ་དང་ནས་འདེབས་འཛུགས་དུད་ཚང་འབོར་ཆེན་འབྲེལ་མཐུད་བྱས་ཏེ་ནས་ཚོང་ཟོག་ཅན་དུ་འགྱུར་ཚད་སྔར་བས་མཐོ་རུ་བཏང་ཡོད་ཅེས་བཤད།

“བོད་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་གི་དཔལ་འབྱོར་ཕན་འབྲས་ལ་མི་མངོན་པའི་ནུས་པ་ཆེན་པོ་ལྡན་པས་དྲ་ཐོག་ཚོང་དོན་འདི་ཉིད་ལྗོངས་ནང་ཁུལ་ལ་སྐུལ་ཁྲིད་དང་ལྗོངས་ཕྱིའི་ཁྲོམ་རར་རྒྱ་སྐྱེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་རེད”བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་སྐལ་བཟང་སྨོན་ལམ་གྱིས་དྲ་ཐོག་ཚོང་ཁང་གཉེར་སྟངས་ནི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་བསྡུ་སྒྲིལ་གྱི་བྱེད་ཐབས་ནུས་ལྡན་ཞིག་རེད། དེར་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་ཕྱིན་ནས་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།