རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་བ།

W020210124574626244217.jpg

འདི་ནི་ཚོགས་ཆེན་གྱི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་རྗེས། བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་བ་རེད།

ཚོགས་འདུར་ཕེབས་དགོས་པའི་འཐུས་མི་421ཡོད་པ་དང་། དངོས་སུ་འཐུས་མི་379ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

ཝུའུ་དབྱིང་ཅེ་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཡན་ཅིན་ཧའེ། ཀྲང་ཞུའེ་ཅེ། དབང་ཧའེ་ཅང་། ནོར་བུ་དོན་གྲུབ། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི། པ་སངས། རྡོ་ཐོགས། འོད་ཟེར། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་། ཐང་མིང་དབྱིང་། ལིའུ་ཀོང་ཤུས་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་རྩ་གནད། བོད་རང་སྐྱོང་ལྗོངས་ཀྱི་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི། བོད་རང་སྐྱོང་ལྗོངས་ཀྱི་2020ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2021ལོའི་ནོར་སྲིད་སྔོན་རྩིས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་དང་། 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

བློ་བཟང་རྒྱལ་མཚན་གྱིས། འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། འཐུས་མི་རྣམ་པ་དང་ཚོགས་ཞུགས་བློ་མཐུན་ཚོས་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། འགན་འཁྲི་འཁུར་སེམས་ཧ་ཅང་ཆེ་བ། བསམ་པའི་འཁྱེར་སོ་ཧ་ཅང་བཟང་བ་བཅས་ཀྱི་ཐོག་ནས་རང་འགན་གཙང་སྒྲུབ་དང་ཐབས་འདོན་ཇུས་འདོན་བྱས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འདོད་འདུན་གང་ལེགས་མཚོན་པར་བྱས་པས། ཏང་གི་དགོངས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་ཚད་མཐོའི་གཅིག་གྱུར་བྱུང་ཡོད། འདི་ནི་སྔ་འཛིན་ཕྱི་གཏོད་དང་། གསར་འབྱེད་ཡར་བརྩོན། དམངས་གཙོ་དར་སྤེལ། དམ་པ་དོན་གཉེར། མཐུན་སྒྲིལ་འབད་འཐབ། སེམས་ནུས་གཅིག་སྒྲིལ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པ་དེས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། སེམས་ཤུགས་ཆེས་ཆེར་འཕེལ་བ་བཅས་བྱས་ཡོད་པས། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་ཤུགས་ཆེན་ཐེབས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྐུལ་སློང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གོམ་སྟབས་གསར་པ་སྤོ་བ་དང་། བྱས་རྗེས་གསར་པ་འཇོག་པ། རྣམ་པ་གསར་པ་གཏོད་པ་བཅས་ཐུབ་ངེས་ཡིན་ཞེས་གསུངས་པ་རེད།

བློ་བཟང་རྒྱལ་མཚན་གྱིས། དོན་ཆེན་ཡིན་པའི་བརྟན་ལྷིང་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོ་མཐའ་གཅིག་ཏུ་ཁུར་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་རིགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩི་བ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་ཏུ་གཏོད”སྤྱིའི་དམིགས་ཚད་ལ་བརྩི་བ། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག》ལག་བསྟར་ཤུགས་ཆེན་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱེད་དགོས།

དོན་ཆེན་ཡིན་པའི་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཟུང་འབྲེལ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང“ལྡན་དགོས་པ་གསུམ་དང་ཕན་པ་གཅིག”ཟུང་འབྲེལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དང་བོད་ཀྱི་དོན་དངོས་ཟུང་འབྲེལ་བཅས་བྱས་ཏེ་ལས་དོན་གྱི་འཇུག་གཞི་དང་ཚད་བརྒལ་ཡོང་གཞི་ཡང་དག་འཚོལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་གཏོང་དགོས།

དོན་ཆེན་ཡིན་པའི་སྐྱེ་ཁམས་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་བའི་འགན་ལེན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། རང་བྱུང་ཁམས་ལ་བརྩི་འཇོག རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་མཐོའི་རི་དྭགས་རྩི་ཤིང་དང་། རི་ཆུ་ནགས་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས། ལྷག་པར་དུ《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། དོན་འཁྱོལ་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་གཏོང་དགོས།

དོན་ཆེན་ཡིན་པའི་མཐའ་མཚམས་སྟོབས་ཆེར་གཏོང་བར་དམ་པོར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ། མཐའ་མཚམས་ས་ཁུལ་གྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་འཛུགས་སྐྲུན་བྱེད་པ། མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།