བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ71.1སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས20ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཞི་བ་ལས་རྒྱུས་ལོན་བྱུང་བ་ལྟར་ན། 2020ལོའི་བར་དུ་བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་ལོ71.1སླེབས་པས་བཅིངས་འགྲོལ་བྱས་པའི་དུས་འགོ་ལས་ལྡབ་གཅིག་གིས་འཕར་བ་རེད།

བོད་ལྗོངས་ནི་མཚོ་བོད་མཐོ་སྒང་གི་ལྟེ་གནས་སུ་ཆགས་པ་དང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི4000ལས་བརྒལ་བས་རང་བྱུང་ཁོར་ཡུག་ཞན་ལ། གྲང་ངར་ཆེ་ཞིང་དབྱང་དཀོན་པས་དེང་རབས་སྨན་བཅོས་ལས་དོན་འཕེལ་རྒྱས་ཀྱང་ཅུང་རྗེས་ལུས་ཡིན། 1951ལོར་བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ35.5ཙམ་ཡིན། 

གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི་སྦྲུམ་མའི་འཆི་ཚད་དང་། ཕྲུ་གུའི་འཆི་ཚད་སོ་སོར་ཁྲི50/10དང8‰མར་ཆག་ཅིང་། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་ཏུ50%ཡིས་ཆག་པ་དེ་ལོ་རྒྱུས་སྟེང་གི་ཆེས་དམའ་བའི་དུས་སུ་སླེབས། འཕྲོད་བསྟེན་ལག་རྩལ་མི་སྣའི་གྲངས་ཀ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན48.2%ཀྱིས་འཕར་ཏེ། རིམ་པ་གསུམ་པའི་ཀ་རིམ་པའི་སྨན་ཁང11ཇེ་མང་དུ་ཕྱིན་ནས་མི་སྟོང་རེའི་མལ་ཁྲི་སྡོད་གནས4.5ནས4.9རུ་ཇེ་མང་དུ་སོང་། ཅུང་ཚབས་ཆེན་ཡིན་པའི་ནད་རིགས400བོད་ལྗོངས་ནས་ཀྱང་སྨན་བཅོས་བྱེད་ཐུབ་པ་མངོན་འགྱུར་བྱས། 

བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དེ་ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་རྒྱབ་སྐྱོར་དང་རོགས་རམ་ལ་བྲལ་ཐབས་མེད་ལ། ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚུགས་འདུ་འཚོགས་པ་ནས་བཟུང་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་བརྩམས། མིག་སྔའི་བར་དུ་བསྡོམས་པས་སྨན་པ841བོད་ལྗོངས་སུ་སླེབས་པ་ཡིན།

ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་ནད། ལྷན་སྐྱེས་སྙིང་ནད། ལིང་གྲིབ་སོགས་ས་གནས་ཀྱི་ནད་རིགས་དེ་དག་ཀྱང་ཕན་ནུས་ལྡན་པའི་ངང་ནས་ཚོད་འཛིན་བྱས།  །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།