ལོ་ལྔའི་རིང་བོད་ལྗོངས་ཀྱིས་མཁར་གྲོང་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར457ལེགས་འགྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་བོད་ལྗོངས་ཀྱིས་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར457ལེགས་འགྲུབ་བྱས་ཤིང་། ལྗོངས་ཡོངས་ཀྱི་མཁར་གྲོང་གི་སྤྱི་སྤྱོད་ཆུ་འདོན་ཁྱབ་གདལ་བྱེད་ཚད་དང་། བཙོག་ཆུའི་གད་སྙིགས་གཙང་སེལ་བྱེད་ཚད། མཁར་གྲོང་ཅན་གྱི་འཛུགས་སྐྲུན་བཅས་མངོན་གསལ་གྱིས་མཐོར་འདེགས་བྱུང་ནས། བོད་ལྗོངས་ཀྱི་མཁར་གྲོང་སྔར་ལས་གནས་ལ་འཚམ་པ་དང་།མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་དྲག་ཏུ་གྱུར་ཡོད།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བོད་ལྗོངས་ཀྱིས་གྲོང་སྲིད་ཀྱི་རྨང་གཞི་སྒྲིག་ཆས་ཁྱབ་ཁོངས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། སྔ་གཞུག་ཏུ་ལྷ་ས་གྲོང་ཁྱེར་རྔ་ཆེན་ཆུ་འདོན་བཟོ་གྲྭ་སོགས་ཆུ་འདོན་བཟོ་གྲྭ9ཡི་འཛུགས་སྐྲུན་ལེགས་འགྲུབ་བྱས། 2019ལོའི་ལོ་མཇུག་བར་དུ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་ཆུ་འདོན་ཁྱབ་གདལ་གཏོང་ཚད94.75%ལ་སླེབས་ཏེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་ལས་བརྒྱ་ཆའི་ཆ9.75ཇེ་མཐོར་སོང་ཡོད།

གྲོང་ཁྱེར་གྱི་ལམ་དྲའི་མ་ལག་འཛུགས་སྐྲུན་ཕྱོགས་ནས། བོད་ལྗོངས་ཀྱིས་སྔ་གཞུག་ཏུ་ལྷ་ས་དང་གཞིས་ཀ་རྩེ་སོགས་གྲོང་ཁྱེར་ནས་གྲོང་སྲིད་གཞུང་ལམ51དང་། གྲོང་སྲིད་ཟམ་པ6འཛུགས་སྐྲུན་བྱས་ནས། ལྗོངས་ཡོངས་སུ་གྲོང་སྲིད་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ155གསར་སྣོན་བྱས།

2016ལོའི་རིང་ལ། བོད་ལྗོངས་ཀྱིས་བསྡོམས་པས་མཁར་གྲོང་གི་བཙོག་ཆུ་གཙང་བཅོས་སྒྲིག་ཆས71དང་། འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་སྒྲིག་ཆས122འཛུགས་སྐྲུན་བྱས་ཏེ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར36.57བཏང་། 2019ལོའི་ལོ་མཇུག་བར་དུ། བོད་ལྗོངས་ཀྱི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་བྱེད་ཚད94.94%ལ་སླེབས་པ་དང་། རྫོང་རིམ་པ་ཡན་གྱི་མཁར་གྲོང་གི་བཙོག་ཆུ་གཙང་སེལ་བྱེད་ཚད75.4%ལ་སླེབས།

མཁར་གྲོང་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུང་ཚང་དུ་གྱུར་བ་ལས་མཁར་གྲོང་ཅན་གསར་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་དང་། བོད་ལྗོངས་མཁར་གྲོང་མཉམ་སྒྲིལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་བསྐྱོད་འགོ་བརྩམས་པ་མཚོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བོད་ལྗོངས་ཀྱིས་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར89ལྷག་བཏང་སྟེ། ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་ལེགས་པ་དང་། རྨང་གཞི་སྒྲིག་ཆས་འཐུས་ཚང་ཡིན་པ། ཐོན་ལས་རྨང་གཞི་ཏན་ཏིག་ཡིན་པའི་ཁྱད་ལྡན་མཁར་གྲོང་ཆུང་ངུའི་དཔེ་སྟོན་ས་ཚིགས26འཛུགས་སྐྲུན་བྱས།

བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ཅང་ཡོ་ཞ་ཡིས་བཤད་རྒྱུར། རྗེས་ཕྱོགས་བོད་ལྗོངས་ཀྱིས་མུ་མཐུད་དུ་ཞན་ཆ་ཁ་གསབ་བྱེད་པ་ནས་འགོ་བརྩམས་ཏེ། མཁར་གྲོང་གི་འཛུགས་སྐྲུན་དང་། གྲོང་ཁྱེར་བཅོས་སྒྲིག་མ་ལག་དང་བཅོས་སྒྲིག་ནུས་ཤུགས་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས། ལས་ལ་འཚམ་པ་དང་། གནས་ལ་འཚམ་པ། སྤྲོ་གསེང་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པ་བཅས་ཀྱི་འཚོ་སྡོད་ཁོར་ཡུག་བསྐྲུན་རྒྱུ་ཡིན་ཟེར།

བོད་ལྗོངས་མི་དམངས་སྲིད་གཞུང་གི་འགན་འཁུར་བས་བཤད་རྒྱུར། བོད་ལྗོངས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ་ད་དུང་མཁར་གྲོང་གི་སྡེ་ཁུལ་རྙིང་བ20དང་མཁར་གྲོང་གི་སྤྱིལ་ཁྱིམ་ཁུལ5432བསྒྱུར་བཀོད་བྱས་ཏེ། འགན་སྲུང་རང་བཞིན་གྱི་སྡོད་ཁང2406འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།