བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་གཟབ་རྒྱས་ངང་འགོ་ཚུགས་པ།

1611104244772717.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་གྱི་སྔ་དྲོ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ལྷན་དུ་འཛོམས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ཏན་ཏིག་སྒྲུབ་པ་དང་། བློ་གྲོས་གཅིག་སྡུད་དང་མཉམ་ཤུགས་གཅིག་སྒྲིལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཐབས་དང་ཇུས་ཧུར་ཐག་འདོན་རྒྱུ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་ཁང་རྔམ་བརྗིད་ལྡན་ལ་བབ་ཆགས་ཤིང་ཉམས་དང་ལྡན་པ་ཞིག་ཡོད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་པའི་སྲིད་གྲོས་ཀྱི་ཚོགས་རྟགས་ཀྲུའུ་ཞི་སྡིངས་ཆའི་ཡོལ་བའི་དབུས་སུ་མཐོན་པོར་བཀལ་བ་དང་། དམར་མདངས་བཀྲ་བའི་དར་དམར་བཅུ་ཀྲུའུ་ཞི་སྡིངས་ཆའི་གཡས་གཡོན་གཉིས་ལ་བསྒྲིགས་ཡོད་པ་དེ་ཧ་ཅང་བཀྲག་མདངས་ཆེ་བ་ཞིག་ཏུ་སྣང་།

ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཡན་ཅིན་ཧའེ། ཀྲང་ཞུའེ་ཅེ། དབང་ཧའེ་ཅང་། ནོར་བུ་དོན་གྲུབ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི། པ་སངས་སོགས་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། བཀྲ་ཤིས་ཟླ་བ་བཅས་འགོ་ཚུགས་ཚོགས་འདུར་ཞུགས་པ་མ་ཟད། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད10པར། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》གནང་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ངག་དབང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ད་ཐེངས་ཀྱི་ཚོགས་ཆེན་གྱི་ལས་འགན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་པའི་ཁར། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་བྱེད་པ་དང་། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་ཕྱོགས་གཉིས་ཀར་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། རང་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་པོར་དམིགས་ནས་ཐབས་འདོན་ཇུས་འདོན་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་བཏོན་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་འབུལ་རྒྱུ་དེ་རེད།

ད་ཐེངས་ཀྱི་ཚོགས་ཆེན་གྱི་ཚོགས་འདུའི་གྲོས་རིམ་ནི། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་གནང་རྒྱུ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་གནང་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་གནང་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་མིན་གྱི་འབྲེལ་ཡོད་སྙན་སྒྲོན་གསན་རྒྱུ་དང་འབྲེལ་གྲོས་བསྡུར་ཡང་གནང་རྒྱུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་གནང་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་ལ་གྲོས་ཞིབ་གནང་རྒྱུ་དང་འབྲེལ་གྲོས་འཆམ་ཡང་གནང་རྒྱུ། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་ཞུའི་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་ལ་གྲོས་ཞིབ་གནང་རྒྱུ་དང་འབྲེལ་གྲོས་འཆམ་ཡང་གནང་རྒྱུ། སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ་དང་འབྲེལ་གྲོས་འཆམ་ཡང་གནང་རྒྱུ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་ཞིབ་གནང་རྒྱུ་དང་འབྲེལ་གྲོས་འཆམ་ཡང་གནང་རྒྱུ། མི་དོན་དོན་གནད་ལ་གྲོས་ཞིབ་གནང་རྒྱུ་དང་འབྲེལ་གྲོས་འཆམ་གནང་རྒྱུ་བཅས་རེད།

བསོད་ནམས་རིག་འཛིན་གྱིས་སྙན་སྒྲོན་གནང་སྐབས་བསྟན་དོན། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཐད་ཀའི་འགོ་ཁྲིད་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་འོག སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་མཁས་པ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས། སྙན་སྒྲོན་ནང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ནུས་སེམས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་པ། འགན་འཁྲི་དང་ལས་དོན་གཙོ་བོར་དམིགས་ཏེ་གྲོས་མོལ་དམངས་གཙོར་སྐུལ་འདེད་གཏོང་བ། སྤུས་ཚད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་ཀའི་ཕན་འབྲས་དངོས་ཆེ་རུ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ་བཅས་ཕྱོགས་ལྔ་ནས2020ལོར་སྤེལ་བའི་ལས་དོན་གཙོ་བོར་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་རེད། “སྲུང་སྐྱོང་གཉིས”ཐུབ་པ་བྱས་ནས་སྲིད་གྲོས་ཀྱི་ཆབ་སྲིད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྡུད་ཡག་པོ་བྱེད་རྒྱུ། “ཕྱོགས་གཉིས་ཀར་ཤུགས་རྒྱག་རྒྱུ”མཐའ་འཁྱོངས་བྱས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་རྒྱུ། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ། ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོས་མོལ་དམངས་གཙོའི་ཕན་ནུས་ཆེ་རུ་གཏོང་རྒྱུ་བཅས་ཕྱོགས་ལྔ་ནས2021ལོའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས《སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》གནང་བ་རེད། སྙན་སྒྲོན་ནང་བསྟན་དོན། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན། རྒྱ་ཆེའི་ཨུ་ཡོན་ཚོས་ཁྱོན་གྲོས་གཞི374དང་ནམ་རྒྱུན་གྱི་གྲོས་གཞི17ཕུལ་ཡོད། ཞིབ་བཤེར་བྱས་པ་བརྒྱུད། གྲོས་གཞི་ཁག345སྒྲུབ་ཁོངས་སུ་བཅུག་པ་དང་སྒྲུབ་ཁོངས་སུ་བཅུག་ཚད་92.25%ཟིན་ནས་སྒྲུབ་འགན་འཁུར་མཁན་ཚན་པ75ལ་བསྒྲུབ་རྒྱུར་རྩིས་སྤྲད་པ་ཚང་མ་དུས་ཐོག་ཏུ་བསྒྲུབས་ནས་ལན་བསློགས་ཡོད། ཕྱོགས་ཁག་གིས་འབད་བརྩོན་བྱས་པ་བརྒྱུད། གྲོས་གཞིའི་སྤུས་ཚད་དང་། སྒྲུབ་གཉེར་གྱི་ཕན་འབྲས། ཞབས་ཞུའི་ཆུ་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་གྱི་གྲས་སུ་ད་དུང་རྡོ་ཐོགས་དང་། འོད་ཟེར། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་། ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན། དབང་ཧའེ་ཀྲོའུ། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། ལུའོ་མེ། མོང་ཞའོ་ལིན། འཇམ་དཔལ། རེན་ཝེ། ཕུར་བུ་དོན་གྲུབ། བསོད་དར། ཀྲོའུ་ཅན་ཤིན་སོགས་ཡོད་པ་རེད། གདན་ཞུས་ལྟར་ཐེངས་འདིའི་ཚོགས་འདུར་ཟུར་ཞུགས་གནང་མཁན་གྲས་སུ་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་མིན་པའི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡོད་པ་རེད། ཐེངས་འདིའི་ཚོགས་འདུར་ད་དུང་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ཁང་གི་སྤྱི་ཁྱབ་ཁེ་སྐྱོང་བ་སྐུ་ཞབས་ཝ་ལཱ་ཅེ·ཏ་ཁར་ཟུར་ཉན་ལ་གདན་དྲངས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།