བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར121བཏང་སྟེ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་རོགས་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོ་ནས2017ལོའི་བར། རྒྱལ་ཁབ་ཀྱིས་དངུལ་གཏོང་སྒོར་དུང་ཕྱུར1.5བཏང་སྟེ། ཡར་ཀླུང་གཙང་བོའི་བར་རྒྱུད་ཀྱི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་ནགས་ཚལ་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་ས་མུའུ་ཁྲི3བྱས་པ་དང་། 2018ལོ་ནས་ད་ལྟའི་བར་ས་མུའུ་ཁྲི1གི་སྐྱེ་ཁམས་ནགས་འདེབས་འཛུགས་བྱས། རིང་ཚད་ལ་སྤྱི་ལེ50ལྷག་གི་སྐྱེ་ཁམས་ལྗང་སྒྱུར་དེ་ཡར་ཀླུང་གཙང་བོའི་འགྲམ་རྒྱུད་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། 

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ད་ལྟ་བོད་ལྗོངས་ཀྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར121བཏང་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་དང་། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ལྗང་མདོག་གི་རི་ཆུར་སྲུང་སྐྱོབ་བྱས། 

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཐིན་ཀྲང་བློ་རྒྱལ་གྱིས་བཤད་རྒྱུར། བོད་ལྗོངས་ཀྱི་མཐོ་སྒང་དེ་འཛམ་གླིང་གི་སྣེ་གསུམ་པའི་དཀྱིལ་སྙིང་ཁུལ་དུ་གནས་ཤིང་། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དེ། སའི་གོ་ལའི་སྐྱེ་ཁམས་དོ་མཉམ་ལ་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ལྡན་ཞིང་། དེང་སྐབས། བོད་ལྗོངས་ཀྱིས་གསར་སྤེལ་ས་ཁོངས་ཀྱི་རྒྱ་ཁྱོན་དེས་རང་སྐྱོང་ལྗོངས་ཡོངས་ཀྱི་རྒྱལ་ཁོངས་ས་ཁྱོན་གྱི80%ཟིན་ཡོད་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། བོད་ལྗོངས་ཀྱིས་ནགས་སྐྲུན་ས་མུའུ་ཁྲི596འདེབས་འཛུགས་ལེགས་འགྲུབ་བྱས་པ་དང་། གཏེར་ཁུངས་རྒྱ་ཁྱོན་སྤྱི་ཆིངས1803སླར་གསོ་བྱས་ཏེ། ས་གཤིས་གནོད་འཚེའི་བཟོ་སྐྲུན་ལེགས་བཅོས་གནས2ལག་བསྟར་བྱས་ཤིང་། ས་ཆུ་སྲུང་འཛིན་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1172.54ལེགས་བཅོས་བྱས། 

ད་ལྟའི་བར་དུ། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ས་ཁོངས་ཀྱི45%དེ་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གི་ཁྱབ་ཁོངས་སུ་བཞག་ཡོད་པ་དང་། སྲིད་འཛིན་སྡེ་བ5261གི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་ལག་བསྟར་བྱས། རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ47སྒྲིག་འཛུགས་བྱས་ཤིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ41.22ཡོད་ཅིང་། དེའི་ཁྲོད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ11འདུས། བོད་ལྗོངས་ཀྱིས་ཁྱོན་བསྡོམས་རང་སྐྱོང་ལྗོངས་ཀྱི་རིམ་པའི་མིང་བཏགས་སྐྱེ་ཁམས་རྫོང17དང་། སྐྱེ་ཁམས་ཤང་དང་གྲོང་རྡལ213། དེ་མིན་སྐྱེ་ཁམས་སྡེ་བ2373ཡོད། 

མཚམས་སྦྱོར་བྱས་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་སུ། བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར18བཏང་ནས་གཙང་བོ་གཉིས་དང་ཆུ་བོ་བཞིའི་འབབ་རྒྱུད་ཀྱི་ནགས་བཟོ་ལྗང་སྒྱུར་དང་། བྱེ་འགོག་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་གཞི་ལག་བསྟར་བྱས་ཤིང་། བྱང་ཐང་དང་། ཇོ་མོ་གླང་མ་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ནས། རང་བྱུང་སྲུང་སྐྱོབ་ས་ཁུལ་ལེགས་སྒྲིག་ལ་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།