ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་རིག་གནས་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་ལོ་མཇུག་བར་དུ། བོད་རང་སྐྱོང་ལྗོངས་ཀྱིས་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག5492བཙུགས་ཏེ། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་རུ་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ལ། དེའི་ཁར་སྔ་གཞུག་ཏུ་ཆོག་མཆན་བཀོད་ནས་བཙུགས་པའི་རྫོང76གི་སྒྱུ་རྩལ་ཚོགས་པ་བསྣན་རྗེས། གཞི་རིམ་གྱི་རིག་རྩལ་འཁྲབ་སྟོན་མི་སྣ་ཁྲི10ལྷག་སྐྱེད་སྲིང་བྱས། དེ་ལས་བོད་ལྗོངས་ཀྱི་ཆེད་ལས་རིག་རྩལ་རུ་ཁག་གི་གྲངས་ཀ་ཉུང་བ་དང་། གཞི་རིམ་དུ་བསྐྱོད་དེ་འཁྲབ་སྟོན་བྱེད་པའི་ཁྱབ་རྒྱ་ཆུང་བ། མང་ཚོགས་ཀྱིས་ལྟད་མོ་ལྟ་བའི་དགོས་མཁོ་སྐོང་མི་ཐུབ་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས།
རྒྱུས་ལོན་པ་ལྟར་ན། རྫོང་སྒྱུ་རྩལ་ཚོགས་པས་གསར་རྩོམ་མི་སྣས་དབུལ་ཐར་མཁྲེགས་གཏོར་དང་ལས་བརྩོན་ཕྱུག་བསྒྱུར་བརྗོད་བྱ་རུ་བྱས་ཏེ་རིག་རྩལ་ལེ་ཚན་གསར་རྩོམ་དང་བཅོས་སྒྲིག་བྱས་ཤིང་། རེས་སྐོར་སྦྱོང་བརྡར་བརྒྱུད་དེ་གྲོང་ཚོའི་སོ་སོའི་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་འཁྲབ་རྩལ་སློབ་ཁྲིད་བྱས། 2020ལོ་ནས་བཟུང་། བོད་ལྗོངས་ཀྱིས་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་རེ་རེར་ལོ་རེར་སྒོར་ཁྲི5ཁ་གསབ་བྱས་ཏེ། འཁྲབ་སྟོན་མི་སྣའི་ཁ་གསབ་དང་། འཁྲབ་གོས་དང་འཁྲབ་ཆས་ཉོ་བ། ལེ་ཚན་གསར་རྩོམ་བཅས་ཀྱི་ཕྱོགས་ལ་བཀོལ་སྤྱོད་བྱས་པ་ཡིན། དེ་དང་ཆབས་ཅིག ལོ་རེར་འཁྲབ་སྟོན་རུ་ཁག་རེའི་འཁྲབ་སྟོན་སྐོར་ཐེངས་ཀྱི་ཁ་གསབ་དེ་སྔོན་ཆད་ཀྱི་སྒོར་ཁྲི20ནས30བར་ནས་སྒོར་ཁྲི150བར་ཇེ་མཐོར་བཏང་སྟེ། རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་། བསྡོམས་རྩིས་བྱས་པ་ལྟར་ན། 2020ལོར་ལྗོངས་ཡོངས་ཀྱི་རྫོང76གི་སྒྱུ་རྩལ་ཚོགས་པ་དང་སྲིད་འཛིན་གྲོང་ཚོ5492ཡི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རིགས་སོ་སོའི་དམངས་ཕན་འཁྲབ་སྟོན་ཐེངས་ཁྲི2ལྷག་སྤེལ་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱིས་གཞི་རིམ་གྱི་རིག་རྩལ་འཁྲབ་སྟོན་མི་སྣ་ཁྲི10ལྷག་སྐྱེད་སྲིང་བྱས།