དམངས་འཚོའི་འདུ་འགོད་ཀྱིས་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན།

—— “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་གི་མངའ་རིས་ས་ཁུལ་གྱི་གཙོ་གནད་དམངས་འཚོའི་འདུ་འགོད་སྐོར་གླེང་བ།

“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མངའ་རིས་ས་ཁུལ་གྱི་གཙོ་གནད་རྣམ་གྲངས་དང་། ལྷག་པར་དུ་གཙོ་གནད་ཀྱི་དམངས་འཚོའི་འདུ་འགོད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

ཚ་གློག་ཐོན་འབྲེལ་གཅིག་སྡུད་མཁོ་འདོན་འདུ་འགོད་ལས་དགུན་ཁ་དྲོ་སོབ་སོབ་ཏུ་གྱུར།

དེ་སྔ་མངའ་རིས་སུ་དགུན་དུས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ལ་སླེབས་ནས་གྲང་ངར་ཧ་ཅང་ཆེན་པོ་ཡོད།

2015ལོར་མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་17.35བཏང་ནས་ཚ་གློག་ཐོན་འབྲེལ་གཅིག་སྡུད་མཁོ་འདོན་ལས་གྲྭ་སྐྲུན་འགོ་བཙུགས་པ་མ་ཟད་2018ལོར་དྲོད་རླངས་མཁོ་འདོན་བྱས་ཡོད། མིག་སྔར་ཚ་གློག་ཐོན་འབྲེལ་གཅིག་སྡུད་མཁོ་འདོན་འདུ་འགོད་ཀྱི་ཕན་པ་སེང་གེ་ཁ་འབབ་གྲོང་རྡལ་གྱི་མ་ལམ་12དང་། དྲོད་རླངས་མཁོ་འདོན་ཁུལ་36 ཁུལ་ཆུང་ཚན་པ་252བཅས་ལ་ཁྱབ་པ་དང་། སྡོད་ཁང་སྟར་པ་3200ལྷག་ཙམ་ལ་ལོར་ཉིན་238དྲོད་རླངས་བཏང་ནས་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་18ཟིན་གྱི་ཡོད།

གཞན་ཡང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱི་མཚོ་ཆེན་དང་། སྒེར་རྩེ། དགེ་རྒྱས། རུ་ཐོག་བཅས་རྫོང་4ལ་བསྟུད་མར་དྲོད་རླངས་མཁོ་འདོན་བྱས་པ་དང་ཁྱོན་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་11ལས་བརྒལ་ཡོད།

ཚ་གློག་ཐོན་འབྲེལ་གཅིག་སྡུད་མཁོ་འདོན་འདུ་འགོད་མཇུག་འགྲིལ་ནས་ས་གནས་ཀྱི་ཁེ་ལས་དང་གྲོང་མིར་འདང་ངེས་དང་། བརྟན་པོ། སྤུས་ལེགས། གོང་ཁེ་བཅས་ཀྱི་དྲོད་རླངས་མཁོ་འདོན་བྱས་པར་བརྟེན་མང་ཚོགས་རྣམས་དགུན་དུས་དྲོ་སོབ་སོབ་བྱུང་བ་མ་ཟད། ད་དུང་སེང་གེ་ཁ་འབབ་གྲོང་རྡལ་དུ་ཡུན་རིང་གློག་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་སོང་བ་དང་འབྲེལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་གློག་ཤུགས་འཕེལ་རྒྱས་དང་མངའ་རིས་ས་ཁུལ་གྱི་གློག་ཁུངས་ཀྱི་བཀོད་པ་ལེགས་སུ་གཏོང་བའི་ངོས་ནས་བརྗོད་ན་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད།

གསོ་རླུང་གཅིག་སྡུད་མཁོ་འདོན་འདུ་འགོད་ལས་མི་དམངས་ཀྱི་བདེ་ཐང་ལ་གཡས་གཞོགས་གཡོན་འདེགས་བྱུང་བ།

མངའ་རིས་ས་ཁུལ་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཡོད་པ་དང་། གསོ་རླུང་འདུས་ཚད་དམའ་བ་དང་གསོ་རླུང་མ་འདང་བའི་རྐྱེན་ལས་བྱུང་བའི་ནད་གཞི་སྣ་ཚོགས་ཀྱིས་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་ལ་ཤུགས་རྐྱེན་བཟོ་ཡི་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་མཐོ་གྲང་དང་གསོ་རླུང་དཀོན་པའི་རྐྱེན་ལས་བྱུང་བའི་བདེ་ཐང་གི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། 2016ལོར་ཚོང་འགུགས་མ་འདྲེན་གྱི་བྱ་ཐབས་ཀྱིས་མངའ་རིས་ཨོའུ་ཝེ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་དང་མ་འཇོག་གྲོས་མཐུན་བཞག་ནས་ས་བབ་མཐོ་བའི་ས་ཁུལ་དུ་གསོ་རླུང་གཅིག་སྡུད་མཁོ་འདོན་གྱི་འདུ་འགོད་དངོས་སུ་སྤེལ་འགོ་བཙུགས་པ་རེད།

མིག་སྔར་གསོ་རླུང་གཅིག་སྡུད་མཁོ་འདོན་འདུ་འགོད་ཀྱིས་མི་གྲངས་ཁྲི་1.2ལྷག་ཙམ་ལ་གསོ་རླུང་མཁོ་འདོན་བྱས་པ་དང་། གསོ་རླུང་མཁོ་འདོན་བྱེད་མཁན་བཟོ་གྲྭས་ཆ་སྙོམས་ཉིན་ལྟར་གསོ་རླུང་སྨི་རྒྱ་དཔངས་གྲུ་བཞི་3450ཐོན་སྐྱེད་བྱེད་ཅིང་། ད་བར་བདེ་འཇགས་ཐོན་སྐྱེད་འཁོར་སྐྱོད་ལོ་4བྱས་པ་མ་ཟད། ད་དུང་གསོ་རླུང་འཕྲུལ་ཆས་དང་འཁྱེར་བདེའི་གསོ་རླུང་ཡོ་ཆས་སོགས་སྒྲིག་ཆས་ནང་འདྲེན་བྱས་ཏེ་མངའ་རིས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་དང་། ཡུལ་སྐོར་བ། དེ་བཞིན་འགྲོ་འོང་བྱེད་མཁན་མི་སྣ་བཅས་ཀྱི་བདེ་ཐང་འགན་ལེན་བརྟན་པོ་བྱས་ཡོད།

གློག་གཅིག་སྡུད་མཁོ་འདོན་འདུ་འགོད་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པ།

“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། མངའ་རིས་ས་ཁུལ་གྱིས་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་དབུལ་སྒྲོལ་འགག་སྒྲོལ་ལ་གཞོགས་འདེགས་བྱེད་པའི“དམངས་འཚོའི་འདུ་འགོད”ལ་བརྩིས་ནས་དམ་འཛིན་བྱས་པ་མ་ཟད། ལྷག་པར་དུ་རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིས་ཐོག་མཐའ་བར་གསུམ་དུ“མི་དམངས་གློག་ལས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་3.17བཏང་སྟེ་རྫོང་གསུམ་གྱི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་དང་། མ་དངུལ་སྒོར་དུང་ཕྱུར་11.4བཏང་བའི་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ། མ་དངུལ་སྒོར་དུང་ཕྱུར་18.9བཏང་བའི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གློག་དྲ་འཛུགས་སྐྲུན་ལས་གྲྭ་བཅས་དང་དེ་བཞིན་ཐུང་ཏཱ་གློག་མཁོ་འདོན་ལས་གྲྭ་བཅས་བསྐྲུན་ཡོད།

གཞན་ཡང་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་ལས་གྲྭ་བསྐྲུན་པར་བརྟེན་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གློག་དྲ་འཛུགས་སྐྲུན་ལས་གྲྭར་རིམ་རྩིས་བྱས་ན་ས་གནས་དེ་གའི་ཞིང་པ་ལས་མི་ཁྲི་5.5ལྷག་ཙམ་བསྡུས་པ་དང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་1780.62བྱུང་ཡོད།

མིག་སྔར་ས་ཁུལ་ཡོངས་སུ་གློག་མཁོ་འདོན་བརྟན་པོ་ཐུབ་ཚད་99.0742%ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་མཚུངས་པ་དང་། ད་ཆ་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་ཁྱིམ་ཚང་ཁྲི་སྟོང་མང་པོ་ནས་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།