2020ལོར་བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་སྲུང་ལས་དོན་གོང་འཕེལ་བྱུང་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་རིང་ལ། བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ཁྲོད་སྟོན་རུ་བྱས་ཏེ། སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་གྱི་དུས་རིམ་རང་བཞིན་གྱི་དམིགས་འབེན་ལས་འགན་ལ་དམིགས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སོ་སོར་སྐུལ་འདེད་ནན་མོ་བཏང་། 

2020ལོར། མཁའ་དབུགས་སྲུང་སྐྱོབ་དང་། ཁྲའེ་ཡིའུ་སྣུམ་སྦགས་བཙོག་གཙང་བཅོས། འཐུང་ཆུའི་འགོ་ཁུངས་སྲུང་སྐྱོང་། ཞིང་ལས་ཞིང་སྡེའི་སྦགས་བཙོག་འགོག་བཅོས། འགྱིག་སྙིགས་སྦགས་བཙོག་བཅས་གཙང་བཅོས་མཁྲེགས་གཏོར་ལས་དོན་ཆེན་པོ5ཡི་དམིགས་འབེན་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱས། 2020ལོའི་དུས་ཚོགས་གསུམ་པའི་བར། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར། དེའི་ཁྲོད་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མཁའ་དབུགས་ཁོར་ཡུག་སྤུས་ཚད་ལེགས་ཚད99.2%ལ་སླེབས་པ་དང་། གཙང་བོ་དང་མཚེའུ་གཙོ་བོ་དག་གི་ཆུ་སྤུས་རིགསIIIཡི་ཚད་གཞིར་སླེབས། འཐུང་ཆུའི་འགོ་ཁུངས་ས་ཁུལ་གྱི་ཆུའི་སྤུས་ཚད་ཚད་གཞིར་ལོན་ཚད100%ལ་སླེབས་ཏེ། ས་རྒྱུའི་ཁོར་ཡུག་སྤྱིའི་ཆ་ནས་བརྟན་རླིང་ཡིན།

ལྗོངས་ཡོངས་ཀྱིས་ས་ཁོངས་ཀྱི་བར་སྣང་སྐྱེ་ཁམས་ཁོར་ཡུག་གདེང་འཇོག་ལས་དོན་ཕལ་ཆེར་ལེགས་འགྲུབ་བྱུང་བ་དང་། གཏན་འཇགས་འབག་བཙོག་འབྱུང་ཁོངས་བཙོག་སེལ་ཆོག་འཐུས་ཐོ་འགོད་དཔྱད་སྤྲོད་དང་གཙང་སེལ་དག་ཐེར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས། སྐྱེ་ཁམས་དངུལ་རྩ་གདེང་འཇོག་དང་ཐཱན་འབྲེལ་དཔལ་འབྱོར་ཞིབ་འཇུག་ལེགས་འགྲུབ་བྱས་ཏེ། བོད་ལྗོངས་ཀྱི་ཐེངས་གཉིས་པའི་རྒྱལ་ཡོངས་ཀྱི་འབག་བཙོག་འབྱུང་ཁུངས་ཡོངས་བཤེར་བྱ་བར་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲིམས་འཛིན་སྦྱོང་བརྡར་ཆེན་མོ་གཏིང་ཟབ་ཏུ་སྤེལ་ཏེ། 《སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དྲ་རྒྱའི་འཛུགས་སྐྲུན་འཆར་འགོད》བཟོས། རོང་བུ་ཆུ་བོའི་མཐའ་སྐོར་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་གནས་ཚུལ་ཆེད་དོན་ཞིབ་བཤེར་ལྟ་སྐུལ་དང་། ཁྲོན་བོད་ལྕགས་ལམ་ཉིང་ཁྲི་ནས་སྤོ་བོ་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱབ་ལྗོངས་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ།

2020ལོར། བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཉེན་ཡོད་ཟོག་རོ་དོ་དམ་སྲོལ་ཡིག》གི་ཁྲིམས་འཛུགས་བྱ་བར་སྐུལ་འདེད་བཏང་སྟེ། 《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བའི་ལག་བསྟར་ཇུས་གཞི་ཞིབ་ཕྲ》དང《ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་རྩིས་ཁྲ》གཏན་འབེབས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་གནོད་སྐྱེལ་སྐྱིན་ཚབ་ལམ་ལུགས་ཀྱི་མ་ལག་བཙུགས། 2020ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དཔྱད་ཞིབ་ལས་དོན་སྤེལ་བ་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་གདེང་འཇོག་ལས་དོན་སྤེལ་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་ཞིབ་འཇུག་སྤེལ་འགོ་བརྩམས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།