ན་ནིང་ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་ཚད99%ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ནག་ཆུ་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2020ལོར། ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་མཐར་ཕྱིན་སློབ་མ2911ཡོད་པ་དང་། མི2884ཡིས་ལས་ཞུགས་མངོན་འགྱུར་བྱས་ཏེ། ལས་ཞུགས་བྱེད་ཚད99.07%ལ་སླེབས། བསྡོམས་པས་རོང་འབྲོག་པ79736ལས་ཞུགས་སྤོ་སྒྱུར་བྱས་ཏེ། ལས་ཞུགས་སྤོ་སྒྱུར་གྱི་ཡོང་སྒོ་སྒོར་དུང་ཕྱུར10.27སྐྲུན། མི14078ལ་རིགས་སོ་སོའི་ནུས་རྩལ་གསོ་སྦྱོང་སྤེལ་ནས་མི9167ལས་ཞུགས་བྱས། གསོ་སྦྱོང་རྗེས་ཀྱི་ལས་ཞུགས་བྱེད་ཚད65.12%ལ་སླེབས། རོང་འབྲོག་མང་ཚོགས་ཞིང་ཆེན་དང་གྲོང་ཁྱེར་བརྒལ་ཏེ་ལས་ཞུགས་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། དེའི་ཁྲོད་མི417ཞིང་ཆེན་བརྒལ་ནས་ལས་ཞུགས་སྤོ་སྒྱུར་བྱས་པ་དང་། མི5590གྲོང་ཁྱེར་བརྒལ་ནས་ལས་ཞུགས་སྤོ་སྒྱུར་བྱས།

2020ལོར་ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་འབྲེལ་ཡོད་ཇུས་གཞི་གཏན་འབེབས་བྱས་པ་དང་། ལས་དོན་སོ་སོའི་བླང་བྱ་དང་དུས་ཡུན་གཏན་ཁེལ་བྱས་ཏེ། ལས་ཞུགས་ལས་སྐྲུན་བྱ་བའི་འགུལ་རྣམ་དོ་དམ་དང་། འགན་འཁྲི་དངོས་འབེབས། སྤུས་ཚད་འགན་སྲུང་། གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏོང་བར་ཁག་ཐེག་བྱས། དཔྱིད་རླུང་བྱ་སྤྱོད་སོགས་ཀྱི་གདནལ་ཞུ་བྱ་འགུལ་སྤེལ་བར་བརྒྱུད་དེ། ལས་ཞུགས་ལས་གནས15730འདོན་སྤྲོད་བྱས། དེའི་ཁྲོད་ལས་ཞུགས་བོད་སྐྱོར་ལས་གནས4580ཡོད། སློབ་ཆེན་སློབ་མའི་སྡེ་དཔོན་ཚན་རྩལ་ཆེད་མི་དང་། སྨན་དོན་མི་སྣ། ཞིང་ལས་ཞིང་སྡེ་བྱ་བའི་ཆེད་ལས་མི་སྣ་སོགས་ཀྱི་གདན་ཞུ་བྱ་འགུལ་སྤེལ་ཏེ། ཐེམ་ཁུངས་ནག་ཆུ་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ1083གཞི་རིམ་གྱི་ལས་གནས་སྟེང་ལས་ཞུགས་བྱེད་པར་བསྡུ་ལེན་བྱས།

ནག་ཆུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་འགན་འཁུར་བས་བཤད་རྒྱུར། མཐོ་སློབ་མཐར་ཕྱིན་སློབ་མ་ཕྱི་ཡུལ་དུ་ལས་ཞུགས་བྱེད་པར་སྔར་ལས་ཁྲིད་སྟོན་བྱ་ཆེད། ནག་ཆུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་མཐར་ཕྱིན་སློབ་མས་ཕྱི་ཡུལ་དུ་ལས་ཞུགས་ལས་སྐྲུན་བྱེད་པའི་ཁ་གསབ་དངུལ་རྩ་སྒོར་ཁྲི3000འཛུགས་པའི་བསམ་འཆར་བཏོན་ཏེ། དེ2020ལོའི་ནག་ཆུ་གྲོང་ཁྱེར་གྱི་མང་ཚོགས་ལ་སྒྲུབ་པའི་དོན་དངོས་བཅུ་ཡི་རྣམ་གྲངས་ཁྲོད་བཅུག

མིག་སྔར། ནག་ཆུ་གྲོང་ཁྱེར་གྱིས་མི་ཤུགས་ཐོན་ཁུངས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས1དང་། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་སྐྲུན་གསོ་སྐྱོང་རྟེན་གཞི1། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི18། རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་རྟེན་གཞི50བཅས་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ། ནག་ཆུའི་ཐེམ་ཁུངས་ཀྱི་ངལ་རྩོལ་བ3466བསྡུ་ལེན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།