བོད་ལྗོངས་ནོར་སྲིད་ཀྱི་དམངས་འཚོའི་འགྲོ་གྲོན80%ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིན་གྱི་གཞི་གྲངས་གསར་ཤོས་ལས་མངོན་པར་གཞིགས་ན། 2020ལོར་བོད་ལྗོངས་ཀྱི་ནོར་སྲིད་འགྲོ་གྲོན་ནང་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་སུ་འགྲོ་གྲོན་སྒོར་དུང་ཕྱུར1776བཏང་བས་བསྡུར་ཚད80.4%ལ་སླེབས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ཀྱི་འགྲོ་གྲོན་ལོ་རེར་ཆ་སྙོམས་འཕར་ཚད10%ལས་བརྒལ་ཡོད། ལོ5ཡི་རིང་བོད་ལྗོངས་ཀྱིས་བསྡོམས་པས་དབུལ་ཐར་མཁྲེགས་གཏོར་ཐད་མ་དངུལ་སྒོར་དུང་ཕྱུར753.88བཏང་ནས་རྫོང་དང་ཆུས་དབུལ་པོའི་དབུལ་ཞྭ་ཕུད་པ་དང་དབུལ་ཕོངས་མི་འབོར་དབུལ་ཐར་བྱུང་བར་འགན་ལེན་ཏན་ཏིག་བྱས།

བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིན་གྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཞའོ་ཧོའུ་གོ་ཡིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འཕེལ་རྒྱས་ཀྱི་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་ཡོད་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད་པར་བསྟན།

སྤྱི་ཚོགས་འགན་སྲུང་མ་དངུལ་གཏོང་བའི་ཐད། བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འཐུས་ཚང་བཟོས་པས་མ་མཐའི་འགན་སྲུང་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར847དང་ལོ་རེར་མི་རེར་ཆ་སྙོམས་སྒོར4713སླེབས་ཡོད། དེ་དང་ཆབས་ཅིག་ཏུ་ལྔ་སྲུང་ཁྱིམ་ཚང་དང་དྭ་ཕྲུག་གཉོར་སྐྱོང་གི་ཐད“གཅིག་བསྡུས་གཉིས་”མངོན་འགྱུར་བྱུང་བ་དང་། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་བསྡུས་ཀྱིས་འཚོ་སྐྱོང་རོགས་སྐྱོབ་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་ལོ་རེར་མི་རེར་ཆ་སྙོམས་སྒོར13213སླེབས་པ་དང་། ཁ་ཐོར་འཚོ་སྐྱོང་དང་རོགས་སྐྱོབ་ཀྱི་འཚོ་བའི་ཁ་གསབ་མ་དངུལ་རིགས་ལོ་རེར་མི་རེར་ཆ་སྙོམས་སྒོར7070སླེབས་ཡོད་པ་རེད།

སློབ་གསོའི་བྱ་གཞག་འགན་སྲུང་ཐད། ལོ5ཡི་རིང་བོད་ལྗོངས་ཀྱི་སློབ་གསོའི་འགྲོ་གྲོན་ལོ་རེར་ཆ་སྙོམས15%འཕར་ནས་སློབ་སྔོན་ནས་མཐོ་འབྲིང་བར་གྱི་ལོ15ཡི་སློབ་གསོའི“འགན་ལེན་གསུམ”མངོན་འགྱུར་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་སློབ་ཞུགས་རོགས་དངུལ་སྟེར་བའི་སྲིད་ཇུས་ཡོངས་སུ་ཁྱབ་ཡོད་ཅིང་། ཁ་གསབ་ཚད་གཞི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར4200སླེབས་པ་དང་སློབ་མ་ཁྲི60ལྷག་ཙམ་ལ་ཕན་ཐོགས་བྱུང་ཡོད།

ལས་ཞུགས་བརྟན་པོ་ཡོང་བའི་ཐད། “ལོ་ལྔའི་ཚན་བཅུ་གསུམ་པའི་”རིང་བོད་ལྗོངས་སུ་བསྡོམས་པས་ལས་ཞུགས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར63བཀོད་སྒྲིག་བྱས་ཤིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི21.06གསར་སྣོན་བྱས་ཏེ“ལོ་ལྔའི་ཚན་བཅུ་གསུམ་པའི་”འཆར་འགོད་དམིགས་ཚད་ཀྱི108%ལེགས་གྲུབ་བྱུང་ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། རོང་འབྲོག་པ་མི་ཐེངས་ཁྲི433ལས་ཞུགས་གཞན་སྒྱུར་ཐུབ་ནས་དབུལ་ཕོངས་ངལ་རྩོལ་པ་ཁྲི18.74གནས་སྤོ་བྱས་པ་རེད།

གཞན་ཡང་། བོད་ལྗོངས་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་གཞི་ཚབས་ཆེན་རིགས་ཀྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ། བབ་བསྟུན་རོགས་སྐྱོབ་བཅས་ཕན་ཚུན་ཁ་གསབ་འབྲེལ་མཐུད་བྱེད་པའི་རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་བཙུགས་པས་སྨན་བཅོས་འཕྲོད་བསྟེན་གྱི་འགྲོ་གྲོན་ལོ་རེར་ཆ་སྙོམས20%ཙམ་འཕར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།