སྒུལ་ནུས་གསར་པར་བརྟེན་ནས་གསོན་ཤུགས་གསར་པ་སྔོག་འདོན་བྱས་པ།

——“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་པའི་སྐོར་གྱི་སྒྲིལ་གླེང་།

“ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་བྱང་སྐོར་ལམ་གཙོ་གནད་དུ་བསྐྲུན་ཡོད། ལམ་ཐིག་དེ་ནས་གངས་རི་དང་སྐར་ཚོགས་བཀྲ་བའི་ནམ་མཁར་ལྟ་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གའི་ཆུ་ཚན་ལ་མྱོང་རོལ་ཐུབ་ཀྱི་ཡོད། ང་ཚོའི་རེ་བར་ད་རེས་ཀྱི་ཡུལ་སྐོར་འདུ་ཚོགས་བརྒྱུད་ཡུལ་སྐོར་གྱི་ཐོན་རྫས་ཡག་པོ་འདི་དག་རྒྱལ་ཡོངས་ཀྱི་གྲོགས་པོ་ཚོར་འོས་སྦྱོར་བྱས་ནས་ཚང་མས་དགུན་དུས་ཀྱང་ལྷ་སར་ཡུལ་སྐོར་ཉམས་ལེན་བྱེད་པར་ཡོང་རྒྱུའི་རེ་བ་ཡོད”འདི་ནི་ལྷ་ས་གྲོང་ཁྱེར་ཡུལ་སྐོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་རུང་གིས་2020ལོའི་ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་འདུ་ཚོགས་ཐོག་རྒྱལ་ཡོངས་ཀྱི་མི་དམངས་ཚོར་གདན་ཞུ་བྱེད་པ་ཞིག་ཡིན་ལ། བོད་ཀྱིས་དེ་བས་སྒོ་དབྱེ་ཧུར་ཐག་གི་ཉམས་འགྱུར་ཐོག་ནས་འཛམ་གླིང་གི་དར་སོ་ཆེ་བའི་ནང་མཉམ་འདྲེས་བྱེད་པའི་མཚོན་ཚུལ་ཞིག་ཀྱང་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། སྒོ་དབྱེའི་གོམ་སྟབས་མགྱོགས་སུ་གཏོང་བ། ནང་སྐྱེས་སྒུལ་ཤུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རིགས་ཁག་གི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་བཏང་བས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ།

“2020ལོའི་རིམས་ནད་ཀྱིས་ང་ཚོར་གྱོང་གུན་ཆེན་པོ་བཟོས་བྱུང་། སྟབས་ལེགས་པ་ཞིག་ལ་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ང་ཚོ་གཞི་ནས་དཀའ་གནད་ལས་སྒྲོལ་ཐུབ་བྱུང”ཞེས་ནོར་སྒྲོན་གྱིས་བཤད། ནོར་སྒྲོན་ནི་བོད་ལྗོངས་པདྨ་མེ་འབར་ཀུང་སིའི་འགན་འཁུར་བ་ཡིན་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་གྱིས་2020ལོར་ཀུང་སིའི་ལས་རྗེས་དེ་ཙམ་ཡག་པོ་བྱུང་མེད། དེ་རྗེས་རང་སྐྱོང་ལྗོངས་ཀྱིས་ཁང་གླ་ཉུང་འཕྲིའམ་རྩ་ཆག་གཏོང་བ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་བཏོན་པས། ཀུང་སིའི་གནོན་ཤུགས་ཧ་ཅང་ཆུང་དུ་ཕྱིན་སོང་ཞེས་བཤད། ནོར་སྒྲོན་ལ་འཕྲད་པའི་དཀའ་ངལ་ནི་དཔེ་མཚོན་ཙམ་ཞིག་རེད། 2020ལོར་རང་ལྗོངས་ཀྱིས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་མགྱོགས་སུ་གཏོང་བ་དང་། ཁེ་ལས་ཀྱི་མི་སྤྱོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་ཁྲལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་གཉེར་སྐྱོང་ཁུར་པོ་ཡང་དུ་གཏོང་བ། ཞབས་ཞུ་འགན་ལེན་ལེགས་སུ་གཏོང་བ་སོགས་ཀྱི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཟོས་པ་དང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་པས། ཁེ་ལས་ཀྱི་ཁུར་པོ་ཡང་དུ་དང་ཁེ་ལས་ཀྱི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད། གྲངས་གཞི་ལས་མངོན་གསལ། 2020ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་ལྗོངས་སུ་རིམ་རྩིས་བྱས་ན་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་46.83བྱས་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་སུ་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་636.15བྱས་པ་དང་། རང་སྐྱོང་ལྗོངས་ཁྲལ་དོན་སྡེ་ཚན་གྱིས“གཉེར་ཁྲལ་འཕར་ཁྲལ་དུ་སྒྱུར་བའི”ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། རིན་ཐང་འཕར་ཁྲལ་སྒྱུར་བཅོས་ཟབ་གཏོང་། མི་སྒེར་གྱི་ཐོབ་ཁྲལ་གྱི་སྲིད་ཇུས་གསར་པ་དོན་འཁྱོལ། ཕྲན་ཚེགས་ཁེ་ལས་ཀྱི་ཀུན་ཕན་སྲིད་ཇུས་དོན་འཁྱོལ། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དམའ་རུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པའི་ཁྲལ་རིན་གཉིས་གཅོག་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་7གྱི་རྣམ་གྲངས་28བཏོན་པས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་དང་། ཁྲལ་བསྡུར་རྒྱབ་སྐྱོར་བྱེད་ཤུགས། ཁྲོམ་རའི་བྱེད་པོའི་ཐོབ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

དེ་དང་དུས་མཚུངས“དྲ་སྦྲེལ+སྲིད་དོན་ཞབས་ཞུ”ལ་བརྟེན་པས་གྲངས་གཞི་བེད་སྤྱོད་མང་ཙམ་དང་མང་ཚོགས་ཕར་འགྲོ་ཚུར་འོང་ཉུང་ཙམ་བྱེད་རྒྱུ་མངོན་འགྱུར་བྱུང་ཡོད། “དྲ་སྦྲེལ+སྲིད་དོན་ཞབས་ཞུ”ལ་བརྟེན་པས“དྲ་ཕྱིར་གཉེར་བ”ནས“དྲ་ཐོག་ཏུ་གཉེར་བའི”བར་དང་། “ཁག་བགོས་ཀྱིས་གཉེར་བ”ནས“མཐུན་སྦྱོར་གྱིས་གཉེར་བའི”བར་གྱི་འགྱུར་ལྡོག་བྱུང་བས། ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་བ་དང་། ཁེ་ལས་དང་མང་ཚོགས་ཚོས་ལས་དོན་སྒྲུབ་པར་སྟབས་བདེ་བསྐྲུན་པ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འཕེལ་བ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་གཏོད་རྒྱུར་འདེགས་སྐྱོར་ནུས་ལྡན་བཅས་བྱས་ཡོད།

ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་བས་འཕེལ་རྒྱས་ཀྱི་གཏིང་ཤུགས་འཕེལ་བ།

“ང་ཚོ་ནི་2018ལོའི་ཟླ་8པར། ལྷ་ས་ཚན་རྩལ་ཁེ་ལས་སྐྱོང་གསོ་ལྟེ་གནས་སུ་སླེབས་པ་ཡིན། འདི་གར་ང་ཚོས་གཟིགས་སྐྱོང་སྲིད་ཇུས་མང་པོ་ལོངས་སྤྱོད་ཐུབ་པ་མ་ཟད། ང་ཚོ་དང་འདྲ་བའི་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་ལ་འགན་ལེན་ཡག་པོ་བྱུང་ཡོད”ཅེས་བོད་ལྗོངས་ཧྲེང་ཞོལ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་གསར་གཏོད་བྱེད་མཁན་རིན་ཆེན་དབང་རྒྱལ་གྱིས་བཤད།

ལས་སྟེགས་འཛུགས་སྐྱོང་དང་། ཚོད་ལྟ་སྐྱོང་གསོ། ཤེས་ལྡན་མི་སྣ་སྐུལ་སློང་། ཁོར་ཡུག་ལེགས་གཏོང་། མ་དངུལ་འདེགས་སྐྱོར་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་བོད་ལྗོངས་ཀྱིས་ཁུལ་ཡོངས་ལ་ཁྱབ་པ་དང་། ནུས་པ་ཆ་ཚང་བ། ཁྱད་ཆོས་འབུར་དུ་ཐོན་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་སྟོན་ཁུལ་ཞིག་རིམ་བཞིན་བཙུགས་པ་རེད། མིག་སྔར་རང་ལྗོངས་སུ་ཀུན་གཏོད་བར་མཐོངས་དང་། ཚན་རྩལ་ཁེ་ལས་སྐྱོང་གསོའི་ལྟེ་གནས། ཤང་དང་གྲོང་རྡལ་གསར་གཏོད་ལས་གཏོད་རྟེན་གཞི་སོགས“གཉིས་གཏོད”རྟེན་གཞི་138བསྐྲུན་ཡོད། དེའི་ནང་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི“གཉིས་གཏོད”རྟེན་གཞི་42དང་། “གཉིས་གཏོད”རྟེན་གཞིའི་སྐྱོང་གསོའི་ཁེ་ལས་2143ཡོད།

རིན་ཆེན་དབང་རྒྱལ་ཀྱི་གནས་ཚུལ་དང་མི་འདྲ་བར། 2019ལོའི་ཟླ་12ཚེས་19ཉིན་ལོ་36ལ་སླེབས་པའི་རིན་སྒྲོལ་གྱིས་ཕྲུ་གུ་གཉིས་འཁྲིད་ནས་བཟའ་ཟླ་དང་མཉམ་དུ་ཨ་མདོ་རྫོང་སེའུ་ཤང་གི་གྲོང་ཚོ་གཉིས་པ་ནས་གོང་དཀར་རྫོང་སྲིན་བུ་རིར་གནས་སྤོ་བྱས་ཏེ། ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་གྱི་ཁོངས་མིའི་གྲས་སུ་གྱུར་ཡོད། འདི་གར་ཁོང་གིས་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ་འཚེམ་རྩལ་སྦྱངས་པ་མ་ཟད། ཞིང་འབྲོག་པ་ནས་ཐོན་ལས་བཟོ་པར་གྱུར། “ད་ཆ་ངར་ཟླ་རེར་གཏན་འཇགས་གླ་ཆ་སྒོར་3000ལེན་རྒྱུ་བྱུང་ནས་སྔོན་གཏན་འཁེལ་བའི་ལས་འགན་ཡག་པོ་བསྒྲུབས་པས། ད་དུང་གླ་ཆའི་ཁ་གསབ་ལེན་རྒྱུ་ཡོད། ངས་འབྱུང་འགྱུར་ལ་རེ་བས་ཁེངས་ནས་ཡོད”ཅེས་རིན་སྒྲོལ་གྱིས་དགའ་ཚོར་ཆེན་པོས་བཤད།

བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱིས་ཞིང་འབྲོག་པ་མི་ཐེངས་ཁྲི་35ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། ལོར་ཆ་སྙོམས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ཁྲི་55ལས་ཞུགས་གཞན་སྒྱུར་བྱས་པ། རིམ་རྩིས་བྱས་ན་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་160ལྷག་ཙམ་བྱུང་བ། གསོ་སྦྱོང་དང་ལས་ཞུགས་འགན་ལེན་གྱི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་པ། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། རིམ་པ་ཁག་ལ་གསོ་སྦྱོང་གི་ཁ་གསབ་དོན་འཁྱོལ་བྱས་ཚད་སྒོར་དུང་ཕྱུར་4.2ལྷག་ཙམ་ཟིན་པ་དང་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་སྣ་ཚོགས་རིན་མི་དགོས་པར་གཉེར་བས། ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་མཐོ་རུ་ནུས་ལྡན་ཕྱིན་པ་དང་། འཕེལ་རྒྱས་དང་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།

སྒོ་དབྱེའི་གོམ་སྟབས་མགྱོགས་སུ་བཏང་བས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ།

“ངའི་སྤོ་བོ་ལགས་དང་པཱ་ལགས་ཚང་མ་ཀྲུང་གོའི་སྐྱིད་གྲོང་འགག་སྒོར་ཚོང་རྒྱག་གི་ཡོད། ད་རེས་ང་ཆེད་མངགས་སྐྱིད་གྲོང་དུ་ཚོང་ལས་ཀྱི་གོ་སྐབས་འཚོལ་བར་ཡོང་བ་ཡིན”ཅེས་ནེ་པ་ལའི་ཚོང་འགྲུལ་Jevinལ་རྒྱ་ཡིག་གི་མིང་ཞིག་ཡོད་པར་ཅེ་པིང་ཟེར་བ་དང་། ཁོང་གིས་ནེ་པ་ལ་ནས་དངུལ་ཆས་དང་ཐང་ག་སོགས་ཁྱད་ལྡན་བཟོས་རྫས་ཁྱེར་ནས་ཀྲུང་གོའི་བོད་ཀྱི་སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པར་ཞུགས་པར་ཡོང་། དེ་ནི་བོད་དུ་དཔྱ་ཁྲལ་ཆག་ཡང་སྲིད་ཇུས་ཀྱི་རོགས་སྐྱོར་ཡོད་པས། ཁོང་གིས་ཕྱིས་འབྱུང་གི་ཚོང་དོན་ལ་གདེང་ཚོད་ཆེན་པོ་ལྡན་པར་གྱུར།

“སྐྱིད་གྲོང་འགག་སྒོར་དབྱར་རྩྭ་དགུན་འབུ་དང་ཀོ་ཤ་སོགས་རྩ་ཆེའི་རི་སྐྱེས་ཀྱི་སྨན་རྩྭ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ད་ཆ་མི་ཚང་མས་བདེ་ཐང་ལ་མཐོང་ཆེན་བྱེད་པས། ང་ཚོ་འདི་གའི་རང་བྱུང་སྨན་རྒྱུའི་ཐོན་ལས་བྲིན་ཁ་རྒྱུག་པོ་བྱུང་སྟེ་ཡུལ་སྐོར་དུས་ཆེན་ཐོག་གོང་ཡག་པོ་རག་ཐུབ”ཅེས་སྐྱིད་གྲོང་གྲོང་རྡལ་གྲ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ཀྱིས་ཀྲུང་གོའི་བོད་ཀྱི་སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པར་རེ་སྒུག་ཆེན་པོ་བྱེད་བཞིན་དུ་བཤད།

ལོ་5ཡི་རིང་བོད་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དམ་པོར་དམིགས་ཏེ། བསྟུན་མཁས་དང་། སྒོ་དབྱེ། མཉམ་ལས་བཅས་ཀྱི་སྲིད་ཇུས་མ་ལག་བཏོད་དེ་ཕྱི་ཕྱོགས་སྒོ་དབྱེའི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་བཏང་ཡོད། ཀོང་ཏུང་དང་། བོད་དབུས། ཨེ་ཤེ་ཡ་ཤར་ལྷོ་བཅས་ཀྱི་དུས་གཏན་མེ་འཁོར་གཏོང་འགོ་ཚུགས་ཏེ་ཀོང་ཏུང་དང་། བོད། ནེ་པ་ལ་བཅས་ཀྱི་གཞུང་ལམ་དང་ལྕགས་ལམ་འབྲེལ་མཐུད་ཀྱི་བགྲོད་ལམ་གསར་པ་བཏོད་ཡོད། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ནང་ཞུགས་པ་དང་ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་ལ་སྐུལ་འདེད་བཏང་ཡོད། ནེ་པ་ལ་དང་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པ་དང་། ལྕགས་ལམ་དང་གཞུང་ལམ་ཧུར་ཐག་བསྐྲུན་ཡོད། “ཀྲུང་གོའི་བོད་ལྗོངས—ནེ་པ་ལའི་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”སྐབས་བཅུ་དྲུག་པ་བདེ་བླག་ངང་གཉེར་བ་དང་སྐྱིད་གྲོང་གི་མངའ་ཁོངས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་དང་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་སོགས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་བོད་ལྗོངས་འགྲེམས་ཚོགས་སྐབས་གཉིས་བདེ་བླག་ངང་གཉེར་བ་དང་། གན་འཇོག་རྣམ་གྲངས་254ལ་མིང་རྟགས་བཀོད་པ། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་1600ལྷག་ཙམ་ཟིན་ཏེ་བོད་ལྗོངས་འགྲེམས་ཚོགས་དེ་ཉིད་རང་ལྗོངས་ཀྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་ལས་སྟེགས་གསར་པར་གྱུར་ཡོད། “མི་ཡུལ་གྱི་དག་ཞིང་། མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་སྤུས་རྟགས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་ཤུགས་རྐྱེན་རྒྱ་ཁྱབ་ལྡན་ཡོད།

དར་སྲོལ་མདུན་དུ་བློ་ཁོག་ཆེན་པོས་ལངས། འབད་འབུངས་སྟོབས་བརྩོན་ལམ་བུ་གསར་པ་འབྱེད། འདས་ཟིན་པའི་ལོ་ལྔར་ཕྱིར་དྲན་བྱེད་སྐབས། བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་བརྟན་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། གངས་ལྗོངས་ས་མཐོའི་བོད་རིགས་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་འབད་འཐབ་ཧུར་ཐག་བྱེད་ངེས་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།