མངའ་རིས་ས་ཁུལ་གྱིས་ཕྱོགས་ཡོངས་ནས་དགུན་དུས་ཀྱི་དངོས་རྫས་གསོག་འཇོག་ལས་དོན་ལེགས་པོར་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མངའ་རིས་ས་ཁུལ་གྱིས་དགུན་དུས་ཀྱི་འབྲུ་རིགས་བདེ་འཇགས་དང་རྒུད་སྐྱོབ་དངོས་རྫས་གསོག་འཇོག་ལས་དོན་ནན་ཏན་གྱིས་སྤེལ་ཏེ། རིགས་སོ་སོའི་རྒུད་སྐྱོབ་འཚུབ་བསྟུན་དངོས་རྫས་འགན་སྲུང་ནུས་ཤུགས་དང་གཅིག་གྱུར་བཀོད་གཏོང་ནུས་ཤུགས་ཇེ་མཐོར་བཏང་བ་བརྒྱུད། དགུན་དུས་ཀྱི་རིགས་སོ་སོའི་ཐལ་དྲག་པའི་གནམ་གཤིས་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བར་རྨང་གཞི་བརྟན་པོ་བཏིང་།

རྒྱུས་ལོན་པ་ལྟར་ན། མངའ་རིས་ས་ཁུལ་དུ་བསྡོམས་པས་ས་ཁུལ་རིམ་པའི་འཚུབ་བསྟུན་རྒུད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁུལ1དང་མཛོད་ཁང5ཡོད་པ་དང་། རྫོང་རིམ་པའི་འཚུབ་བསྟུན་རྒུད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁུལ11དང་མཛོད་ཁང15ཡོད། ཤང་རིམ་པའི་འཚུབ་བསྟུན་རྒུད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁུལ30དང་མཛོད་ཁང30། གྲོང་ཚོ་རིམ་པའི་འཚུབ་བསྟུན་རྒུད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁུལ10དང་མཛོད་ཁང10ཡོད་པས། ས་ཁུལ་དང་རྫོང་། ཤང་བཅས་གོང་འོག་མཉམ་འབྲེལ་དང་། འཕྲེད་འབྲེལ་འདེགས་སྐྱོར། བྱེད་ནུས་ཁ་གསབ་ཀྱི་རིམ་པ་གསུམ་པའི་རྒུད་སྐྱོབ་དངོས་རྫས་གསོག་འཇོག་མ་ལག་ཕལ་ཆེར་གྲུབ་ཡོད།

མིག་སྔར། མངའ་རིས་ས་ཁུལ་གྱིས་བསྡོམས་པས་བོད་ལྗོངས་ཀྱི་རྒུད་སྐྱོབ་དངོས་རྫས་རིགས35ཡི་དངོས་ཟོག་ཁྲི28ལྷག་ཚབ་ཉར་བྱས་ཡོད་ཅིང་། ས་ཁུལ་རིམ་པ་དེའི་དངོས་རྫས་རིགས56དང་དངོས་ཟོག་ཁྲི21ལྷག་གསོག་འཇོག་བྱས་ཏེ། རྫོང་རིམ་པའི་དངོས་ཟོག་རིགས25དང་དངོས་རྫས་ཁྲི21ལྷག་གསོག་ཡོད། མངའ་རིས་ས་ཁུལ་དུ་བསྡོམས་པས་འབྲུ་རིགས་ཚབ་ཉར་མཛོད7ཡོད་པ་དང་། 2020ལོའི་ཟླ11པའི་བར་དུ་དོན་དངོས་དང་བསྟུན་པར་སྲིད་ཇུས་རང་བཞིན་གྱི་འབྲུ་སྣུམ་ཏུན9316གསོག་འཇོག་བྱས་ཡོད་དེ། དམིགས་སར་འབྱོར་ཚད95.06%ལ་སླེབས་ཡོད།

མངས་རིས་ས་ཁུལ་གྱི་འབྲུ་རིགས་དང་དངོས་རྫས་གསོག་འཇོག་ཅུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བཤད་རྒྱུར། མངའ་རིས་ས་ཁུལ་དུ་རྒྱུན་སྡོད་མི་གྲངས་ཁྲི12.4ལྷག་ཡོད་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེ་འཚོ་བའི་རོགས་སྐྱོར་མ་དངུལ་དོ་དམ་དང་གནས་སྐབས་ཀྱི་བྱེད་ཐབས》ལྟར་ན། གནོད་འཚེ་རྐྱེན་གྱིས་བཟའ་འབྲུ་མི་འདང་བར་སྲིད་གཞུང་གིས་རོགས་སྐྱོར་བྱེད་དགོས་པའི་གནོད་ཐེབས་མང་ཚོགས་ལ་ཆ་སྙོམས་སུ་མི་རེར་ཉིན་རེར་འབྲུ་རིགས་རྒྱ་མ1གི་རོགས་སྐྱོར་བླང་བྱ་ལྟར། མངའ་རིས་ས་ཁུལ་གྱི་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་གསོག་འཇོག་དེ་ས་ཁུལ་གྱི་ཉིན158ཡི་ཚོང་རའི་འདོན་སྤྲོད་དགོས་མཁོ་སྐོང་ཐུབ་པ་དང་། དོན་དངོས་ཀྱི་མཛོད་ཉར་ཉིན150ཡི་མཁོ་སྤྲོད་སྐོང་ཐུབ་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།