ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་སློབ་གསོ་ཐིང་གི་གཞི་གྲངས་ལྟར་ན། རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན2019ལོར་བོད་ལྗོངས་ལ་མ་དངུལ་སྒོར་དུང་ཕྱུར283.76བཏང་བ་དང་། 2010ལོ་དང་བསྡུར་ན་ལྡབ་གཉིས་ཀྱིས་འཕར། ལོ་བཅུ་ཡི་རིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1656.89བཏང་སྟེ། ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད17.96%ལ་སླེབས།
དངུལ་གཏོང་རྒྱུན་མཐུད་བརྟན་རླིང་ངང་འཕར་སྣོན་བྱུང་བར་བརྟེན་ནས། བོད་ལྗོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭའི་སློབ་འཛུགས་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་། དེའི་ཁྲོད་སློབ་གསོ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལྷག་ཏུ་མངོན་གསལ་ཡིན། མིག་སྔར་སློབ་སྔོན་སློབ་གསོ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ཀྱི་ཆ་འཕྲིན་ཅན་འདུས་པའི་གཞི་རྩའི་སྒྲིག་གཞི་ཐོག་མར་ཆགས་ཡོད་ཅིང་། 2019ལོའི་ལོ་མཇུག་བར་དུ། བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་མང་འདུས་སྨྱན་བྱད་ཀྱི་སློབ་ཁང9484ལ་སླེབས་ནས། ཁྱབ་ཚད73%ལ་སླེབས། རྩིས་འཁོར་སློབ་ཁང789ཡོད་པ་དང་ཁྱབ་ཚད84%ལ་སླེབས། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་རྩིས་འཁོར་ཡོད་ཚད100%ལ་སླེབས་པ་དང་། སློབ་མ་བརྒྱ་རེར་ཆ་འཕྲིན་ཅན་གྱི་མཐའ་སྣེའི་གྲངས་ཀ་ནི་རྩིས་འཁོར8.22ཡིན་པས། རྒྱལ་ཡོངས་ཀྱི་འབྲིང་རིམ་ཆུ་ཚད་ལ་སླེབས་ཡོད།
གཞི་གྲངས་ལྟར་ན། བོད་ལྗོངས་ཀྱི་རིམ་པ་སོ་སོའི་སློབ་གྲྭ་རིགས་སོ་སོ2995ཡོད་པ་དང་། སློབ་གྲྭའི་སློབ་མ་ཁྲི84ཡོད། སློབ་སྔོན་སློབ་གསོའི་སློབ་གྲྭའི་ཞུགས་ཚད་དང་། སློབ་ཆུང་གི་སློབ་གྲྭར་ཞུགས་ཚད། དམའ་འབྲིང་དུས་རིམ་དང་། མཐོ་འབྲིང་དུས་རིམ། མཐོ་རིམ་སློབ་གསོ་བཅས་ཀྱི་སློབ་མ་སློབ་གྲྭར་ཞུགས་ཚད་སོ་སོ་ནས84.42%དང99.71%། 102.88%། 86.62%དང47.65%ཡིན་ཞིང་། སོ་སོར2012ལོ་དང་བསྡུར་ན39.22དང་། 0.31%། 4.28%། 16.42%དང20.25%བཅས་ཀྱི་ཇེ་མཐོར་སོང་ཡོད། ངལ་རྩོལ་ལོ་ནའི་མི་འབོར་གྱིས་སློབ་གསོ་མྱོང་བའི་ལོ་ཚད་ལོ9.8ལ་སླེབས།
གཞི་གྲངས་མཐོར་འདེགས་བྱུང་བ་ལས་སློབ་གྲྭའི་མཁྲེགས་ཆས་སྒྲིག་ཆས་རིམ་བཞིན་ལེགས་བཅོས་བྱུང་བ་མཚོན་ཡོད་ཅིང་། དུས་མཉམ་དུ་བོད་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་སྲིད་ཇུས་དང་འབྲེལ་བ་ཟབ་མོ་ཡོད་པ་མཚོན་ཏེ། སློབ་སྔོན་སློབ་གསོ་ནས་མཐོ་འབྲིང་བར་གྱི་ལོ15ཡི་རིན་མེད་སློབ་གསོའི་སྲིད་ཇུས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པ་དང་། སློབ་སྔོན་སློབ་གསོ་ནས་མཐོ་འབྲིང་བར་གྱི་ལོ15ཡི་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་སློབ་གསོའི་ཁུར་བོ་ཇེ་ཡང་དུ་བཏང་ཡོད།
དེ་མིན་བོད་ལྗོངས་ཀྱིས་སློབ་སྔོན་སློབ་གསོ་ནས་ཞིབ་འཇུག་སློབ་མའི་སློབ་གསོ་ཡོངས་སུ་ཁྱབ་པ་དང་། གཞུང་བཙུགས་དང་སྒེར་གཉེར་སློབ་གྲྭ་ཡོངས་སུ་ཁྱབ་པ། ཁྱིམ་ཚང་དཔལ་འབྱོར་དཀའ་ཁག་ཡོད་པའི་སློབ་མ་ཡོངས་ལ་ཁྱབ་པའི་སློབ་མའི་རོགས་སྐྱོར་སྲིད་ཇུས་མ་ལག་བཙུགས་ཏེ། སྔ་གཞུག་ཏུ་སློབ་མའི་རོགས་སྐྱོར་སྲིད་ཇུས40ལྷག་གཏན་འབེབས་བྱས་ཤིང་། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་གྲྭར་ཞུགས་མི་ཐུབ་པའི་སློབ་མ་གཅིག་ཀྱང་མེད་པའི་དམིགས་འབེན་མངོན་འགྱུར་བྱས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
རྒྱལ་ཁབ་ཀྱིས་ལོ10ཡི་རིང་མ་དངུལ་སྒོར་དུང་ཕྱུར1600བཏང་སྟེ་བོད་ལྗོངས་ཀྱི་སློབ་འཛུགས་ཆ་རྐྱེན་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་།