ཉིང་ཁྲི་གྲོང་ཁྱེར་དང་བྲག་ཡིབ་ཆུས་རིམ་གཉིས་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་མཉམ་དུ་མེ་སྐྱོན་འཕྲལ་སྡོམ་ཐག་གཅོད་ཀྱི་ནང་སྦྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་མེ་སྐྱོན་སྔོན་འགོག་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་ནགས་ཚལ་མེ་སྐྱོན་འཕྲལ་སྡོམ་ཐག་གཅོད་ཀྱི་འཇོན་ཐང་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་དང་བྲག་ཡིབ་ཆུས་རིམ་གཉིས་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་བྲག་ཡིབ་གྲོང་རྡལ་ཇོ་མོ་གྲོང་ཚོར་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་གྱི་2020ལོའི་ཁང་པར་མེ་ཤོར་ནས་ནགས་ཚལ་ལ་མཆེད་པའི་མེ་སྐྱོན་འཕྲལ་སྡོམ་ཐག་གཅོད་ཀྱི་ནང་སྦྱོང་བྱས་པ་རེད། ནང་སྦྱོང་དེའི་ནང་ཚན་པ་30ལྷག་ཙམ་གྱི་ཁྱོན་མི་200ལྷག་ཙམ་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཕྲལ་སྡོམ་ནང་སྦྱོང་དེ་ཇོ་མོ་གྲོང་ཚོའི་གྲོང་མིས་ཁ་ལག་བཟོ་སྐབས་གཤེར་རླངས་བཀོལ་སྤྱོད་བྱེད་སྟངས་མི་འཚམ་པས་ཁང་པའི་ནང་མེ་ཤོར་བ་དང་བསྟུན་རྒྱབ་རིར་མེ་མཆེད་པ་རྒྱབ་ལྗོངས་སུ་བྱས་ཡོད། མེ་སྐྱོན་ཐོན་པ་དང་། མེ་སྐྱོན་སྙན་སེང་། འཕྲལ་སྡོམ་བྱ་སྤྱོད། འཕྲལ་སྡོམ་བཀོད་འདོམས། ཆ་འཕྲིན་ཡོངས་བསྒྲགས། འཕྲལ་སྡོམ་རིམ་སྤོར། འཕྲལ་སྡོམ་དང་ལེན་མཚམས་འཇོག་སོགས་ཀྱི་གོ་རིམ་ལ་དམིགས་ནས་ནང་སྦྱོང་བྱས་པ་རེད། ནང་སྦྱོང་བྱེད་རིང་བྲག་ཡིབ་ཆུས་སྲིད་གཞུང་དང་ཆུས་འཕྲལ་སྡོམ་ཅུས་ཀྱིས་མེ་སྐྱོན་ཐོན་ས་དང་། མེ་ཤོར་བའི་རྒྱ་ཁྱོན། མེ་མཆེད་ཚུལ་བཅས་ལ་གཞིགས་ནས་ད་ཐེངས་ཀྱི་མེ་སྐྱོན་འདིར་བྲག་ཡིབ་ཆུས་ཀྱིས་ནགས་ཚལ་མེ་ཟོན་གྱི་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་གྱི་ཚད་གཞི་དང་མཐུན་པའི་གཏན་འཁེལ་བྱས་ཏེ་ནགས་ཚལ་མེ་སྐྱོན་གྱི་འཕྲལ་སྡོམ་སྔོན་ཇུས་བཏིང་བ་རེད།

ནང་སྦྱོང་ནང་ཞུགས་མཁན་གྱིས་མེ་སྐྱོན་ཐོན་ས་དང་། མེ་སྐྱོན་མཆེད་ཚུལ། ནགས་ཚལ་མེ་སྐྱོན་འཕྲལ་སྡོམ་ཐག་གཅོད་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མེ་སྐྱོན་ཐོན་པ་དང་། མཆེད་ཚུལ། མེ་གསོད་བཅས་ཀྱི་གོ་རིམ་ནང་སྦྱོང་བྱས་པ་རེད། ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་དང་། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཚོགས་ཆུང་། མཁའ་ཐོག་རོགས་སྐྱོབ་ཚོགས་ཆུང་། དངོས་ཟོག་འགན་སྲུང་ཚོགས་ཆུང་། འཕྲོད་བསྟེན་རིམས་འགོག་ཚོགས་ཆུང་། སྨན་བཅོས་འགན་སྲུང་ཚོགས་ཆུང་། ཁོར་ཡུག་སྲུང་སྐྱོང་ཚོགས་ཆུང་། གླེང་ཕྱོགས་ཁ་གཏད་ཚོགས་ཆུང་སོགས་ཀྱིས་རང་སོ་སོའི་ལས་དོན་གྱི་འགན་འཁྲིར་གཞིགས་ནས་ཕྱོགས་སྡོམ་དང་སྙན་སེང་ཞུས་ཏེ་མེ་སྐྱོན་ཐོན་སར་གཞིགས་ནས་ཞིབ་འཇུག་བརྡར་གཅོད་དང་གྲོས་འགོ་ཞིབ་ཕྲ་བཏོན་ཏེ། མཉམ་དུ་ནགས་ཚལ་མེ་སྐྱོན་འཕྲལ་སྡོམ་ཐག་གཅོད་དང་ཁ་གཏད་གཅོག་ཐབས་སློབ་སྦྱོང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།