ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་སྟེ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་དང་། སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོའི་འཕར་ཚད་སོགས་ཀྱི་དམིགས་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་དེ། དཔལ་འབྱོར་སྒྲིག་གཞི་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ་དང་ཆབས་ཅིག དམངས་འཚོའི་ལས་དོན་ལ་ཕྱོགས་ཡོངས་ནས་ལེགས་བཅོས་ཆེན་པོ་བྱུང་།
ཉེ་སྔོན། བོད་ལྗོངས་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གཞི་ཡོངས་སུ་འཁོར་བསྐྱོད་བྱེད་འགོ་བརྩམས་ཏེ། བོད་ལྗོངས་ཀྱིས་གློག་དྲ་གཅིག་གྱུར་གྱི་མཇུག་མཐའི་ལེ་བར་གཅིག་ཤར་གཏོང་བྱས། ལས་གཞིའི་ལམ་རྒྱུད་ཀྱི་རྫོང16གི་རོང་འབྲོག་མང་ཚོགས་ཁྲི38ཀྱིས་བདེ་འཇགས་ཀྱི་གློག་ཤུགས་བེད་སྤྱོད་བྱེད་ཐུབ་པ་བྱུང་།
ཟླ10བའི་ཟླ་མཇུག་བར་དུ། ཀྲུང་དབྱང་སྲིད་གཞུང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3136བཏང་སྟེ། འཆར་གཞིའི་མ་དངུལ་གཏོང་འབོར་ལས17.3%བརྒལ་ཡོད། གློག་ཤུགས་འདུས་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གལ་ཆེན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། མིག་སྔར་ལྗོངས་ཡོངས་ཀྱི་གློག་ཤུགས་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི401.85ལ་སླེབས་པ་དང་། 2015ལོ་དང་བསྡུར་ན་སྟོང་ཝ་ཁྲི152འཕར་ཡོད། ཤང་གྲོང685ལ་འོད་འགྱེད་ཚི་སྐུད100%འཐེན་ཡོད་པ་མ་ཟད། 4Gའཕྲིན་གཏོང་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས། གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱེད་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི2.6ཇེ་མང་དུ་སོང་ནས། སྤྱི་ལེ་ཁྲི10.4ལ་སླེབས་ཡོད། རྒྱལ་ཁབ་ཕྱི་ནང་བར་འབྲེལ་བའི་མཁའ་ལམ120ལ་སླེབས་པ་དང་། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་མཚམས་ཀྱི་ལས་གཞི་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བོད་ལྗོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་། སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོའི་འཕར་ཚད་བཅས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད། བོད་ལྗོངས་ཀྱིས་བསྡོམས་པས་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་མ་དངུལ་སྒོར་དུང་ཕྱུར753.88བཏང་བ་དང་། ལྗོངས་ཡོངས་ཀྱི་ཚགས་འཛུགས་བྱང་སྒྲིག་དབུལ་ཕོངས་མི་གྲངས་ཁྲི62.8ཡོངས་སུ་དབུལ་ཐར་བྱུང་ནས། དབུལ་ཕོངས་རྫོང74ཡིས་དབུལ་ཞྭ་ཕུད་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ཡོངས་སུ་མངོན་འགྱུར་བྱས་ཏེ། ལོ་རྒྱུས་རང་བཞིན་གྱིས་དབུལ་བོ་དབུལ་ནག་མེད་པར་བཟོས།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། བོད་ལྗོངས་ཀྱི་སློབ་གསོའི་འགྲོ་གྲོན་ལོ་རེར་ཆ་སྙོམས་སུ15%འཕར་བ་དང་། སྨན་བཅོས་འཕྲོད་བསྟེན་འགྲོ་གྲོན་ལོ་རེར་ཆ་སྙོམས་སུ20%ཙམ་འཕར་ཏེ། དམངས་འཚོའི་ལས་དོན་སོ་སོའི་འཕེལ་རྒྱས་འགན་སྲུང་ནུས་ལྡན་བྱས་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་རྫོང74དབུལ་ཐར་བྱུང་ནས་དམངས་འཚོའི་ལས་དོན་སོ་སོའི་འཕེལ་རྒྱས་ལ་འགན་སྲུང་ནུས་ལྡན་བྱས།