ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར4Gདུས་རབས་སུ་བསྐྱོད་པ་ནས་བཟུང་། བོད་ལྗོངས་ཀྱི་འཕྲིན་གཏོང་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཞིང་། བོད་ལྗོངས་འཕྲིན་གཏོང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཡན་ཧུང་ཆང་གིས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ5417ལ4Gདྲ་རྒྱ་ཤར་གཏོང་བྱས་པ་དང་། སྲིད་འཛིན་གྲོང་ཚོ5439ལ་འོད་འགྱེད་ཚི་སྐུད་ཐགས་ཡངས་དྲ་བ་ཤར་གཏོང་བྱས་ཏེ། དེ་གཉིས་ཤར་གཏོང་བྱེད་ཚད99%ལ་སླེབས་ཡོད་ཟེར།
བོད་ལྗོངས་སུ་སྲིད་འཛིན་གྲོང་ཚོའི་འོད་འགྱེད་ཚི་སྐུད་ཐགས་ཡངས་དྲ་བ་ཤར་གཏོང་བྱེད་ཚད་སྔོན་ཆད་ཀྱི4%ནས99%བར་ཇེ་མཐོར་སོང་བ་དང་། 4Gདྲ་རྒྱ་ཤར་གཏོང་བྱེད་ཚད་སྔོན་ཆད་ཀྱི0ནས99%བར་ཇེ་མཐོར་སོང་ཡོད། མིག་སྔར། ལྗོངས་ཡོངས་སུ་འཕྲིན་གཏོང་འོད་འཁྲིད་ཚི་སྐུད་ཀྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི24.08ཡོད་པ་དང་། འཕྲིན་སྦྲེལ་དྲ་བའི་ཐགས་ཡངས་དྲ་བ་མཐུད་པའི་མཐའ་སྣེ་ཁྲི216.5ཡོད་དེ། འཕྲིན་གཏོང་འཕེལ་རྒྱས་ཆུ་ཚད་ནང་ལོག་ས་ཁུལ་གྱི་ཞིང་ཆེན་དང་ཕལ་ཆེར་འདྲ་མཉམ་ཡིན།
ད་ལྟ5Gའཕྲིན་གཏོང་ལག་རྩལ་གངས་ལྗོངས་སུ་ཁྱབ་གདལ་དུ་གཏོང་བཞིན་ཡོད་ཅིང་། སྨན་བཅོས་དང་གནས་སྐོར་སོགས་ལས་རིགས་མང་པོ་རུ་བེད་སྤྱོད་བྱེད་པ་མངོན་འགྱུར་བྱས། ད་ལོའི་ཟླ5བར། བོད་ལྗོངས་ཀྱི5Gརིག་ནུས་སྨན་བཅོས་མཉམ་འབྲེལ་ཚོད་ལྟ་ཁང་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བཙུགས་པ་དང་། 5Gཡི་མྱུར་ཚད་མཐོ་བ་དང་དུས་འགྱངས་ཉུང་བའི་ལེགས་ཆ་བེད་སྤྱད་དེ། རྒྱང་བསྟེན་ནད་བརྟག་ནད་ཐོག་སྨན་བོཅས་སུ་བེད་སྤྱོད་བྱེད་བཞིན་ཡོད་པས། ནད་པ་ལྗིད་མོ་སྐོར་ཞིག་དེ་ལ་བརྟེན་ནས་དྲག་སྐྱེད་བྱུང་བ་རེད།
2020ལོའི་ལོ་སྟོད་དུ། བོད་ལྗོངས་ཀྱིས5Gརྨང་གཞིའི་ས་ཚིགས་སྟོང་ལྷག་བཙུགས་ཡོད། འཆར་གཞི་ལྟར་ན་ལོ་སྨད་དུ་ད་དུང་རྨང་གཞིའི་ས་ཚིགས་སྟོང་ལྷག་བསྐྲུན་རྒྱུ་ཡིན་པ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་གྲོང་ཁྱེར་གཙོ་བོ་རུ5Gཡོངས་སུ་ཁྱབ་པ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ99%ཡིས4Gདྲ་རྒྱ་དང་ཐགས་ཡངས་དྲ་བ་བེད་སྤྱོད་བྱས།