ལྷ་ས་གྲོང་ཁྱེར་གྱི་སྤྱི་དམངས་ཀྱི་བཅའ་ཁྲིམས་བྱང་ཚད་མཐོ་རུ་ཕྱིན་ནས་སྤྱི་ཚོགས་ཁྲིམས་སྐྱོང་ཅན་དུ་གྱུར་ཚད་ཤུགས་ཆེར་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “བདུན་ལྔའི”བཅའ་ཁྲིམས་ཁྱབ་གདལ་བཏང་ཚུན། ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་ཁྲིམས་བཞིན་བཅོས་སྐྱོང་དང་ཁྲིམས་སྐྱོང་འཛུགས་གཏོད་ཀྱི་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་བཏང་བས། སྤྱི་དམངས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་དང་བཅའ་ཁྲིམས་ཀྱི་བྱང་ཚད་སྔར་བས་མཐོ་རུ་ཕྱིན་ཏེ་སྤྱི་ཚོགས་ཁྲིམས་སྐྱོང་ཅན་དུ་གྱུར་ཚད་སྔར་བས་ཤུགས་ཆེར་ཕྱིན་ཡོད།

ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་བརྒྱུད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བ་བཅས་ཀྱི་རང་རྟོགས་རང་བཞིན་དང་ཧུར་བརྩོན་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད། འདི་ལོའི་ཟླ་བརྒྱད་པ་བར། རིམ་ཁག་བཅའ་ཁྲིམས་ཁྱབ་གདལ་སྒྲིག་གཞིས་གཅིག་སྡུད་ཁྲིམས་སྐྱོང་དྲིལ་བསྒྲགས་བློ་འདྲིའི་ཞབས་ཞུའི་བྱེད་སྒོ་ཐེངས་ཁྲི་1.2སྤེལ་བ་དང་། ཁྲིམས་སྐྱོང་འཆད་ཁྲིད་སྣ་ཚོགས་ཐེངས་2607བྱས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་དཔྱད་གཞི་སྣ་ཚོགས་དང་བཅའ་ཁྲིམས་ཀྱི་ཀློག་དེབ་180ཙམ་བཀྲམ་པ། དེའི་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་200ཟིན་པ། མང་ཚོགས་མི་ཐེངས་16690ལ་བློ་འདྲི་སྣ་ཚོགས་དང་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་པ་རེད།

ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བས་མི་རིགས་ཁག་གི་མང་ཚོགས་ཚོའི་ཤེས་ཚད་དང་དེའི་ནང་ཞུགས་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་ཚུན། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་དོན་ཁོངས་གཏོགས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་གཞིའི་དེབ་ཁྲི་25.5ལྷག་ཙམ་སྤྲད་པ་དང་། མང་ཚོགས་མི་ཐེངས་ཁྲི་39.6ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། དྲིལ་བསྒྲགས་བྱས་པ་བརྒྱུད། མི་རིགས་ཁག་གི་མང་ཚོགས་ཚོས་རང་ངོས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱས་ནས་ཉེ་འགྲམ་གྱི་ནག་གཤེད་སྟོབས་ཤུགས་དང་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཀྱི་ཁུངས་སྣེ་ཐེར་འདོན་ཧུར་ཐག་བྱས་ཏེ་རང་འགུལ་ངང་ཁྲིམས་སྲུང་དང་། ཁྲིམས་བཞིན་ལས་སྒྲུབ། གནད་དོན་འཕྲད་སྐབས་ཁྲིམས་སྤྱོད། གནས་ཚུལ་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད། འགལ་ཟླ་སེལ་སྐབས་ཁྲིམས་བརྟེན་བཅས་ཀྱི་བསམ་བློའི་འདུ་ཤེས་དང་བྱ་སྤྱོད་ཀྱི་རང་འགུལ་དངོས་སུ་ཆགས་རྒྱུར་ཁྲིད་སྟོན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།