སྣོད་བཅུད་ཀྱི་རྨང་གཞི་བརྟན་དུ་བཏང་ནས་སྔོ་ལྗང་གི་ཕན་བདེ་ལོངས་སུ་སྤྱོད་པ།

—— “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ལས་དོན་སྐོར་གྱི་སྒྲིལ་གླེང་།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོདརང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྣོད་བཅུད་ནགས་ལས་དང་དམངས་འཚོའི་ནགས་ལས་ཀྱི་གཙོ་རྐང་གཉིས་ལ་དམིགས་ནས་ནགས་ཚལ་དང་། འདམ་ར། ཐང་རྒོད་སྔོ་ཁེབས། སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོང་དང་སླར་གསོ་ནན་པོ་བྱས་པ་དང་ནགས་ཚལ་དང་རྩྭ་ཐང་གི་གཙོ་གནད་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བ། ནགས་ཚལ་དང་རྩྭ་ཐང་གི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བཏང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་བཅས་ལས་ཕན་འབྲས་བཟང་པོ་ཐོན་པ་རེད།

མིག་སྔའི་བར་བོད་ལྗོངས་ཀྱི་དམིགས་སར་འབྱོར་བའི་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་202ཙམ་ཟིན་ནས་ས་མཐོའི་སྔོ་ལྗང་སྲུང་ཡོལ་སྲུང་སྐྱོང་བྱེད་པར་འགན་ལེན་གལ་ཆེན་བྱས་ཡོད།

རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་བརྟན་པོ་བཏང་བ།

ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་རང་རྟོགས་ངང་ལག་བསྟར་བྱས་ཏེ“སྔོ་ལྗང་གི་གྲོང་ཁྱེར་སྐོར་བའི”ལས་གྲྭ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བཙུགས་ཏེ་ལྷ་ས་གྲོང་ཁྱེར་གྱི་སྐོར་ལམ་ལྷོ་མ་དང་། སྐོར་ལམ་བྱང་མ། སྐོར་ལམ་ནུབ་མ་བཅས་སྒྲོམ་གཞིར་བྱས་ནས་ཤར་ནས་སྟག་རྩེ་ཆུས་གཙང་རྟོགས་ཤང་བར་དང་། ལྷོ་ནུབ་ནས་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ(བསྐལ་ལ་ཕུག་ལམ)བར། ནུབ་བྱང་ནས་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་བར་བཅས་ཀྱི་སྔོ་ལྗང་བར་ཁྱམས་རིམ་བཞིན་ཆགས་བཞིན་ཡོད་པ་རེད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ཕྱུགས་བཀག་རྨོ་བསྐྱུར་ནགས་གསོ་དང་། རྩྭ་ཐང་སྣོད་བཅུད་སླར་གསོ་བཅོས་སྐྱོང་། རྩྭ་ཐང་མེ་ཟོན་སོགས་ལས་གྲྭའི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ནས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་བྱ་དགའི་ལམ་སྲོལ་བཙུགས་ཐོག་གངས་ལྗོངས་ས་མཐོའི་སྔོ་ལྗང་རི་ཆུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

ལོ་ལྔའི་རིང་བོད་ལྗོངས་ཀྱིས་ནགས་བཟོ་སྔོ་འགྱུར་ལས་འགན་མུའུ་ཁྲི་624.05ལེགས་གྲུབ་བྱས་ཤིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱིས་ཁྱོན་ལྗོན་ཤིང་མེད་པའི་གྲོང་ཚོ་1079དང་ལྗོན་ཤིང་མེད་པའི་དུད་ཚང་ཁྲི་10.47ལྷག་ཙམ་ལ་ལྗོན་ཤིང་བཏབ་ནས་ལས་འགན་ཡོངས་སུ་ལེགས་གྲུབ་ཟིན་ཐོག་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་46.71%ཟིན་པ་དང་ལྗོངས་ཡོངས་ཀྱི་རྩྭ་ཐང་ཁ་གསབ་རྒྱ་ཁྱོན་མུའུ་དུང་ཕྱུར་8.94ཟིན་ནས་ལོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་28.82སྤྲད་པ་རེད།

ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདག་སྐྱོང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

ལོ་ལྔའི་རིང་ལྗོངས་ཡོངས་སུ་ཁྱོན་འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་15དང་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་ཁུལ་20ལྷག་ཙམ་བསྐྲུན་ནས་རིགས་ཁག་གི་འདམ་ར་སྲུང་སྐྱོང་དང་སླར་གསོ་དང་། འདམ་ར་སྲུང་སྐྱོང་ཁ་གསབ་དངུལ་སོགས་ཀྱི་ལས་གྲྭའི་རྣམ་གྲངས་ཁག་70ལྷག་ཙམ་ལག་བསྟར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་4.66དོན་འཁྱོལ་བྱས་ཏེ་འདམ་ར་སྤྱི་ཆིང་ཁྲི་60ལྷག་ཙམ་ལ་བདག་སྐྱོང་བྱས་པ་དང་འདམ་ར་སྤྱི་ཆིང་ཁྲི་10ལྷག་ཙམ་སྲུང་སྐྱོང་དང་སླར་གསོ་བྱས་པ་རེད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནགས་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་མ་དངུལ་རྣམ་གྲངས་46དོན་འཁྱོལ་བྱས་པ་དང་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་ས་ཚིགས་73བཙུགས་ནས་ཞིང་འབྲོག་པའི་ཆེད་ལས་བདག་སྐྱོང་དཔུང་ཁག་གི་ནུས་པ་ཧུར་ཐག་བཏོན་ཐོག་ས་ཁུལ་དང་། རྫོང་། ཤང་། ས་ཚིགས་བཅས་རིམ་བཞིའི་དོ་དམ་སྒྲིག་སྲོལ་དང་འཁོར་རྒྱུག་ལམ་སྲོལ་རགས་ཙམ་ཆགས་པ་རེད། དེ་དང་དུས་མཚུངས་རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་བཟང་སྒྲིག་ལས་དོན་སྒྲིག་འཛུགས་ཧུར་ཐག་བྱས་ཤིང་། མིག་སྔར་ལྗོངས་ཡོངས་སུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་ཁྱོན་102ཡོད་པ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་རེད།

ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས་འགན་ལེན་ནུས་ལྡན་བྱས་པ།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་སྤེལ་བར་སེམས་ལ་གདེང་ཚོད་ཡོད་པ་དང་ལས་ཀའི་རང་འགུལ་རང་བཞིན་དེ་བས་འཕེལ་ཐབས་བྱས་ཡོད། ལོ་ལྟར་དུས་བཀག་ལྟར་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་སྤེལ་ནས་སྨན་གླིང་དང་མཛོ་སྒང་སོགས་རྫོང་8ཀྱི་ནགས་ཚལ་མེ་ཟོན་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་དང་རྫོང་16གི་ཕྱོགས་བསྡུས་བཅོས་སྐྱོང་ཁུལ་གྱི་རྩྭ་ཐང་མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་རེད། རྒྱལ་ཁབ་རིམ་པའི་ལྟེ་བའི་ཚད་འཇལ་སྙན་ཞུའི་ས་ཚིགས་7དང་ཞིང་ཆེན་རིམ་པའི་ཚད་འཇལ་སྙན་ཞུའི་ས་ཚིགས་24བཙུགས་པ་དང་ཐང་ཤིང་ནགས་ཚལ་གྱི་ལྟ་ཞིབ་ཚད་འཇལ་རྒྱ་ཁྱོན་མུའུ་ཁྲི་870.31ཟིན་པ་དང་། སྤྱི་གནོད་མེད་པའི་འགོག་བཅོས་བྱེད་ཚད་90%ཟིན་པ། མྱུག་སོན་ཐོན་ཁུལ་གྱི་ནད་ཡམས་ཞིབ་བཤེར་བྱེད་ཚད་95%ཡན་ཟིན་པ་སོགས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།