ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་སྐོར་བ་བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཐའ་འཁོར་བརྒྱུད་སྐབས“མཐོ་སྒང་གི་རྣམ་ཤེས”སྟེ་གཙོད་ཁྱུ་གང་མང་མཐོང་ཐུབ།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་བར“སྟོངས་ལ་ཉེ་བ”ནས་ད་ལྟ“ཅུང་སྟོངས་ལ་ཉེ་བའི”བར་གྱི་ལོ་བཅུ་གྲངས་རིང་བོད་ལྗོངས་ཀྱི་གཙོད་ཁྱུའི་གྲངས་འབོར་ཁྲི5ཡས་མས་ནས་ཁྲི20ཡན་ལ་འཕར་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པས་གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་སླར་གསོ་རང་བཞིན་གྱིས་ཇེ་མང་དུ་སོང་བ་དེ་སྲུང་སྐྱོང་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་ལས་བྱུང་བ་ཞིག་སྟེ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། ཆེད་དམིགས་ཀྱི་སྲུང་སྐྱོང་དོ་དམ་སྒྲིག་གཞི་དང་ཁྲིམས་སྐྱོང་དཔུང་ཁག་བཙུགས་པ། རྐུ་རྔོན་བཀག་འགོག་ནན་མོ་དང་དུས་ལྟར་བསྐོར་བརྒྱབ་ནས་གཙོད་སོགས་རི་སྐྱེས་སྲོག་ཆགས་གཙོ་བོའི་ཁྱུ་ཚོགས་ཀྱི་འགུལ་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱེད་པ། གཙོད་འཚོ་སྡོད་ཁུལ་དུ་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཀྱི་སློབ་གསོ་རྒྱ་ཁྱབ་སྤེལ་ནས་ས་གནས་དེ་གའི་རོང་འབྲོག་པ་སྲུང་སྐྱོང་དོ་དམ་ནང་ཞུགས་རྒྱུར་གདན་དྲངས་པ་བཅས་ལས་བྱུང་བ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
2015ལོར་བོད་ལྗོངས་ཀྱིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དོ་དམ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟའི་ས་ཚིགས་བཙུགས་ནས“ཅུའུ་དང་། ཡན་ལག་ཅུའུ། ས་ཚིགས།”བཅས་ཀྱི་དོ་དམ་ལམ་སྲོལ་ལག་བསྟར་བྱས་པ་དང་དྲ་རྒྱ་ཅན་གྱི་སྲུང་སྐྱོང་ཁྱབ་གདལ་བཏང་སྟེ་དོ་དམ་ཡན་ལག་ཅུའུ2དང་། དོ་དམ་ས་ཚིགས73བཙུགས་ཤིང་། མིག་སྔར་རོང་འབྲོག་པ780ཆེད་ལས་དོ་དམ་བདག་སྐྱོང་བྱ་བར་ཞུགས་ཡོད།
བྱེད་ཐབས་རབ་དང་རིམ་པ་སྤྱད་པ་ལས་བྱུང་བ་ནི་གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་མགྱོགས་མྱུར་ངང་སླར་གསོ་བྱུང་བ་ཙམ་མ་ཡིན་པར། གཞི་གྲངས་ལས་མངོན་པ་ལྟར་ན་རྐྱང་གི་གྲངས་འབོར་དེ་སྔའི་ཁྲི5ཙམ་ནས་ད་ལྟའི་ཁྲི9ལྷག་ཙམ་ལ་འཕར་བ་དང་། ཁྲུང་ཁྲུང་སྐེ་ནག་དེ་སྔའི1000ནས3000བར་ད་ལྟའི8000ཙམ་དུ་འཕར་ཡོད་ལ། འབྲོང་གི་གྲངས་འབོར་ད་ལྟའི་ཁྲི1ཙམ་ལ་འཕར་ཡོད། གཞན་གསའ་དང་གཉན། གནའ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་གྲངས་འབོར་ཡང་མངོན་གསལ་དོད་པོས་སླར་གསོ་རང་བཞིན་གྱིས་མང་དུ་འཕར་ཡོད་པ་རེད།
རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན་ཏེ“མཐོ་སྒང་གི་རྣམ་ཤེས”དེ་གངས་ལྗོངས་ས་མཐོར་ཅི་དགར་རོལ་བ་དང་མི་དང་སྲོག་ཆགས་དབར་གྱི་འབྲེལ་བ་ཡང་འཆམ་མཐུན་དང་མཛའ་གཅུགས་ཅན་དུ་འགྱུར་བཞིན་མཆིས།
“རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ཟུག་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་ཡག་པོ་དེ་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་ཞིག་དུ་གྱུར་ནས་སྐྱེ་ཁམས་དཔལ་ཡོན་ས་མཐོར་འཁོར་རྒྱུག་བཟང་པོ་བྱེད་འགོ་ཚུགས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འཛོམས་དགའ་ཡིས་བཤད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་སུ་གཙོད་ཁྱུ་ཡི་གྲངས་འབོར་ཁྲི20ལྷག་ལ་བུད་པ།