སྔོ་ཚལ་ཐད་ཚོང་རླངས་འཁོར་སྒོ་འགྲམ་དུ་སླེབས་པས་དམངས་ལ་ཕན་པ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། གྲོང་ཁུལ་དུ་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་72བཏང་བ་དེ་དག་གཙོ་བོ་གྲོང་ཁུལ་གྱི་སྡེ་ཁུལ་དང་། སློབ་གྲྭ སྨན་ཁང་། ཐག་རིང་གི་གྲོང་མི་འདུས་སྡོད་ཁུལ་བཅས་སུ་ཁྱབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་བཟའ་བཅའི་བདེ་འཇགས་འགག་སྒོ་ནན་པོ་སྲུང་བ་དང་དུས་མཚུངས་སྔོ་ཚལ་ཕྱིར་ཚོང་ས་ཚིགས་ཁག་གིས་ཁྲོམ་རའི་རིན་གོང་གི་10%ནས་30%བར་ལས་དམའ་བའི་རིན་གོང་ཐོག་ནས་འཚོང་གི་ཡོད་པ་རེད། ཉིན་ལྟར་ཞིང་ཞོར་ཐོན་རྫས་སྣ་ཁ་50ནས་100ལྷག་ཙམ་མཁོ་འདོན་བྱས་ནས་རྒྱ་ཆེའི་གྲོང་མི་ཚོར་སྟོན་དགུན་གཉིས་ལ་སྔོ་ཚལ་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད།

མིག་སྔར་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་ནང་འཚོང་བའི་སྔོ་ཚལ་ནི་ས་གནས་དེ་གའི་སྔོ་ཚལ་འདེབས་མཁན་ཞིང་པ་དང་ཀུང་སིའི་མཉམ་ལས་ཁང་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ནས་ཁྱེར་ཡོང་བ་ཤ་སྟག་ཡིན་པ་དང་། དེ་ནི་གཅིག་གྱུར་ཉོ་སྒྲུབ་དང་། གྲོས་མཐུན་ཉོ་སྒྲུབ། འཆར་གཞི་ཡོད་པའི་འདེབས་འཛུཌ་བཅས་ཀྱི་བྱེད་ཐབས་བརྒྱུད། དུས་ཚིཌ་ཁག་གི་སྔོ་ཚལ་མཁོ་འདོན་འདང་ངེས་ཡོང་བའི་འགན་ལེན་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།