ཡར་ཀླུང་གཙང་འགྲམ་གྱི་འབྱོར་འབྲིང་འཚོ་བ།

—— བོད་ལྗོངས་གོང་དཀར་རྫོང་འབོད་སྣང་སྡེ་ཁུལ་གྱི་འགྱུར་ལྡོག་སྐོར་གླེང་བ།

འབོད་སྣང་སྡེ་ཁུལ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་དུ་ཆགས་ཤིང་། ལོ་ལྔའི་གོང་དེ་གར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་21དང་མི་73ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལེགས་པར་བརྒྱབ་པས་གྲོང་ཚོ་དེའི་མི་འབོར་དབུལ་པོ་གཅིག་ཀྱང་མ་ལུས་པར“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་དང་། ཞབས་ཞུ་འཐུས་སྒོ་ཚང་བ། ཐོན་ལས་དར་ཞིང་རྒྱས་པ་བཅས་བྱུང་ནས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གྱུར་ཡོད།

ཁྱིམ་གྱི་སྒོ་རྩར་ལས་ཀ་བརྟན་པོ་རག་པ།

གྲོང་མི་གཡུ་སྒྲོན་གྱི་ཁང་པ་གསར་པའི་ནང་སྐྱོད་སྐབས། རྒྱ་ཆེ་ལ་དཀར་ཆ་དོད་པའི་ཚོམས་ཆེན་ནང་བོད་བཟོའི་ཅོག་ཙེ་དང་ཉལ་ཁྲི་བསྒྲིགས་ཡོད་པ་དང་། མདུན་ངོས་ཀྱི་ཆ་སྒམ་སྟེང་ཁྱིམ་སྤྱོད་གློག་ཆས་དང་། གཡོན་ངོས་སུ་འཁྱགས་སྒམ་ཆེན་པོ་ཞིག་དང་ཆ་སྒམ་གྱི་དཀྱིལ་དུ་བརྙན་འཕྲིན་ཆེན་པོ་ཞིག་བསྒྲིགས་འདུག

ལོ་ཤས་གོང་། གཡུ་སྒྲོན་ནི་འབོད་སྣང་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་ཡིན་ཞིང་། ཁྱིམ་དུ་གོས་འཁྲུད་འཕྲུལ་འཁོར་དང་བརྙན་འཕྲིན་སོགས་ཁྱིམ་སྤྱོད་གློག་ཆས་སྤྱིར་ན་མེད། རྙིང་ཞིང་གོག་པའི་སྒྲ་བསྡུའི་འཕྲུལ་འཁོར་དེ་རང་ཉིད་དང་ཕྲུ་གུ་གཉིས་ཀྱི་ཁྱིམ་སྤྱོད་གློག་ཆས་གཅིག་པུ་དེ་རེད།

གཡུ་སྒྲོན་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་འབོད་སྣང་སྡེ་ཁུལ་གྱི་ཐོན་ལས་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། 2016ལོ་ནས་བཟུང་འབོད་སྣང་སྡེ་ཁུལ་གྱིས་སྲིད་གཞུང་གི་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བརྩོན་ལེན་བྱས་ནས་བཞོན་མ་གསོ་ཚགས་དང་རྩྭ་ཅུས་ཤན་འདེབས་འཛུགས་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་ནང་འདྲེན་བྱས་ཏེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་། “ཏང་ཀྲི་པུའུ་དང་། ཀུང་སི། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བའི་དབུལ་སྒྲོལ་འགག་སྒྲོལ་བྱེད་སྟངས་གསར་པ་བཏོད་པས། ལོ་རེར་མི་གྲངས་2600ཙམ་ལ་ལས་ཀའི་གོ་སྐབས་རག་ནས་ཕྱིར་ཨར་པོ་རྒྱུག་པའི་གྲོང་མི་ཁག་གཅིག་ཕ་ཡུལ་དུ་ལོག་སྟེ་ལས་ཞུགས་བྱེད་པའི་ཡིད་དབང་བཀུག་པ་དང་། གཡུ་སྒྲོན་སོགས་མང་ཚོགས་དབུལ་པོར་བཞོན་མ་གསོ་ཚགས་ར་བ་ནས་ལས་ཀ་བརྟན་པོ་རག་པ་རེད།

“ལོ་ཤས་གོང་། རྒྱུན་དུ་ཕྲུ་གུར་ལྟ་རྟོག་བྱེད་དགོས་པས། ཉེ་འགྲམ་གྱི་ལས་ཡུལ་དུ་ཡོང་འབབ་གསོག་པར་འགྲོ་ཁོམ་མེད་སྟབས། ཡོང་འབབ་ཀྱིས་འཚོ་བའི་མཁོ་ཆས་ཉོ་ཐུབ་ཙམ་ལས་མེད”ཅེས་བཤད་པ་དང་། ཁོ་མོས“ད་ཆ་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བརྟན་པོ་ཐུབ་པས་ཟླ་རེར་སྒོར་4500ལེན་རྒྱུ་ཡོད་སྟབས་ཐག་རིང་དུ་འགྲོ་དགོས་མེད”ཅེས་བཤད།

སྨན་བཅོས་དང་སློབ་གསོའི་ཆུ་ཚད་ཚང་མ་མཐོ་རུ་ཕྱིན་པ།

2014ལོར། བོད་སྣང་སྡེ་ཁུལ་དུ་སྡེ་ཁུལ་སྨན་དོན་ཁང་བཙུགས་པས་གྲོང་མིས་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུར་སྟབས་བདེ་ཆེན་པོ་བྱུང་ཡོད། ལོ་70ལ་སླེབས་པའི་གྲོང་མི་རིག་འཛིན་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་ནས་རྟག་ཏུ་མགོ་བོ་ན་སྟེ་མཚན་མོར་གཉིད་ཁུག་གི་མེད། གྲོང་ཚོའི་སྨན་པ་ཡེ་ཤེས་ལྷ་མོས་ཁོང་ལ་སྨན་བཅོས་བྱེད་ཐབས་བཏོན་ནས་ཁྲག་ཤེད་གཅོག་པའི་སྨན་སྡེབ་སྦྱོར་བྱས་པ་མ་ཟད། ཉིན་རེར་ཟ་དགོས་པའི་མངག་བྱ་བྱས། མིག་སྔར་རིག་འཛིན་གྱི་ཁྲག་ཤེད་བརྟན་པོ་བྱུང་བ་དང་། མགོ་ན་བ་ཉུང་ཉུང་ཡིན་པ་མ་ཟད། ཁོ་མོས་ཉིན་གསུམ་བཞི་རེར་སྨན་དོན་ཁང་དུ་ཁྲག་ཤེད་ལྟ་བར་ཡོང་གི་ཡོད་པས། སྨན་དོན་མི་སྣས་ཁོང་གི་ལུས་པོའི་གནས་ཚུལ་ལ་རྒྱུས་མངའ་དེ་བས་ཆེ་རུ་ཕྱིན་ཡོད།

འབོད་སྣང་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ཀྲེན་ཀྲེན་གྱིས། སྡེ་ཁུལ་གྱི་སྨན་དོན་ཁང་དུ་ཆེད་བསྐོས་སྨན་པ་གཉིས་ཡོད་པ་དང་། ཁོང་གཉིས་ཀྱིས་སྡེ་ཁུལ་རྒན་རྒོན་གྱི་རྒྱུན་གཏན་བདེ་སྲུང་ལས་དོན་དང་རིམས་འགོག་ལས་འགན་འཁུར་གྱི་ཡོད། རྒྱུན་དུ་གྲོང་མིར་ནད་ཚབས་ཆུང་བ་ཁག་གཅིག་སྨན་བཅོས་བྱེད་རོགས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

གསར་འགོད་པས་འབོད་སྣང་སྡེ་ཁུལ་དུ་བཅར་འདྲི་བྱེད་པའི་ཉིན་དེར། གོང་དཀར་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྨན་དོན་མི་སྣས་གྲོང་ཚོའི་བྱིས་པར་རིམས་འགོག་སྨན་ཁབ་རྒྱག་པ་དང་སྟབས་འཁེལ་བས་གྲོང་མི་ཁག་གཅིག་གིས་ཕྲུ་གུ་ཁྲིད་དེ་སྡེ་ཁུལ་སྨན་དོན་ཁང་དུ་སྒུག་ནས་བསྡད་པ་མཐོང་བྱུང་།

“སྔོན་ཆད་རྫོང་དུ་རིམས་འགོག་སྨན་ཁབ་རྒྱག་པར་འགྲོ་དགོས། ད་ཆ་ཁྱིམ་གྱི་སྒོ་ཁར་སྨན་ཁབ་རྒྱག་ཆོག་པས་ཧ་ཅང་སྟབས་བདེ་པོ་འདུག”རིམས་འགོག་སྨན་ཁབ་བརྒྱབ་རྗེས་གྲོང་མི་ནོར་བུས་ཕྲུ་གུ་ཁྲིད་དེ་སྡེ་ཁུལ་སྨན་དོན་ཁང་ནས་དོན་ཏེ་སྲང་ལམ་གཅིག་བརྒྱུད་ན་ལམ་སེང་འབོད་སྣང་སྡེ་ཁུལ་གྱི་བུ་བཅོལ་ཁང་དུ་སླེབས་ཀྱི་ཡོད། བུ་བཅོལ་ཁང་དུ་ཐུར་འདྲེད་སྐས་ཀ་དང་འདེགས་འབེབས་ཤིང་ལེབ་སོགས་བྱིས་པའི་རོལ་རྩེད་སྒྲིག་ཆས་གང་དགོས་ཚང་མ་ཡོད་པས་བྱིས་པ་ཚོ་གྲོང་ཁྱེར་གྱི་བུ་ཕྲུག་ལྟར་རྩེད་འཇོར་རོལ་རྒྱུ་འདུག

“ཉེ་བའི་ལོ་ཤས་རིང་གྲོང་ཚོའི་བུ་བཅོལ་ཁང་དུ་ན་འདྲེས་བྱིས་པ་སློབ་ཞུགས་བྱེད་ཚད་མཐོ་རུ་ཕྱིན་ཡོད། ‘འགན་ལེན་གསུམ’གྱི་རོཌ་དངུལ་ཚད་གཞི་ལོ་རེར་མཐོ་རུ་བཏང་བས་ཕྲུ་གུ་ཚོའི་སློབ་ཡོན་ཐད་ཁྱིམ་བདག་ཚོས་སེམས་ཁྲལ་གཏན་ནས་བྱེད་དགོས་མེད”ཅེས་ཀྲེན་ཀྲེན་གྱིས་བཤད།

མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་མཛེས་རིས་ཤིག་རིམ་གྱིས་གྲུབ་པ།

གྲོང་གསེབ་མཛེས་སྡུག་ལྡན་པར་གྱུར་ན་བདེ་སྡོད་ལས་བརྩོན་བྱེད་ཐུབ། ཉེ་བའི་ལོ་ཤས་རིང་གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག འབོད་སྣང་སྡེ་ཁུལ་གྱིས་གྲོང་ཚོའི་བཀོད་པ་ལེགས་སུ་གཏོང་བ་དང་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་གྱང་རོ་ཞིག་བཟོ་དང་། གད་སྙིགས་གཙང་སེལ། གྲོང་ཚོ་སྔོ་འགྱུར་སོགས་ཀྱི་བྱེད་སྒོ་སྤེལ་བས་སྡེ་ཁུལ་གྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་ཡོད།

“སྔོན་ཆད་གྲོང་ཚོའི་ནང་སྐྲུན་དངོས་གང་བྱུང་དུ་སྐྲུན་མཁན་དང་ལམ་བཟུང་མཁན་ཧ་ཅང་མང་བ་དང་། གྲོང་ཚོའི་བཀོད་པ་ཧ་ཅང་བཙོག་ཟིང་ཆེ་བས་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད། ད་ཆ་གྲོང་ཚོའི་བཀོད་པ་ལེགས་སུ་ཕྱིན་པ་མ་ཟད། སྔོ་ལྗང་ལྗོན་ཤིང་མང་དུ་ཕྱིན་ཏེ་སྐྱིད་སྣང་ཀྱང་དོད་དུ་ཕྱིན་ཡོད། ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་སྟབས། གད་སྙིགས་ཡོད་ན་རང་འགུལ་ངང་བསྒྲུགས་ནས་གད་གཞོང་ནང་བླུག་གི་ཡོད”ཅེས་བཤད།

མིག་སྔར་འབོད་སྣང་སྡེ་ཁུལ་གྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.6ཙམ་ཟིན་གྱི་ཡོད། འབོད་སྣང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་གྱིས་ང་ཚོས་ཞིང་ལས་ཐོན་རྫས་ལས་སྣོན་དང་སྤྲོ་གསེང་ཡུལ་སྐོར་སོགས་ཀྱི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ། ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་ཐོ་འགོད་དང་། སྤུས་རྟགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་བསྐྲུན་པ་བཅས་བྱས་ནས་མང་ཚོགས་ལ་འཚོ་བ་དེ་བས་ལེཌ་པ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།