ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་མི་སྣས་ཚེས14ཉིན་གསར་འགོད་པར་བཤད་རྒྱུར། མིག་སྔའི་བར་དུ། བོད་ལྗོངས་ཀྱིས་རོང་འབྲོག་མང་ཚོགས་ཁྲི60.4ལྷག་ལས་ཞུགས་སྤོ་སྒྱུར་བྱས་ཏེ། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར45.4མངོན་འགྱུར་བྱས་ཡོད་ཟེར།
གཞི་གྲངས་ལྟར་ན། བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་ལྗོངས་ཡོངས་ཀྱི་མི་གྲངས་སྤྱིའི68.5%ཟིན་པ་དང་། རོང་འབྲོག་མང་ཚོགས་ཁྲི240ཙམ་གྲོང་ཚོ5400ལྷག་ཏུ་ཐར་ཐོར་དུ་བསྡད་ཡོད། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་ན་གཞོན་རོང་འབྲོག་མང་ཚོགས་མང་པོ་ཞིག་གྲོང་རྡལ་དུ་སོང་ནས་ཐོན་ལས་ལས་བཟོ་བ་དང་ཞབས་ཞུ་མི་སྣར་གྱུར་ཡོད།
དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་བ་ནས་བཟུང་། བོད་ལྗོངས་ཀྱིས་ལས་ཞུགས་དབུལ་སྐྱོར་དེ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཡོང་ཁུངས་གཙོ་བོ་རུ་བརྩིས་ནས། བོད་ལྗོངས་ཀྱི་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་རྣམས་ཀྱིས་ལས་ཞུགས་སྔར་ལས་ལེགས་པོ་བྱ་རྒྱུ་དང་། ཡོང་སྒོ་སྔར་ལས་མང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བཅས་བྱ་ཆེད། བོད་ལྗོངས་ཀྱིས་མང་ཚོགས་ཀྱི་འདོད་བློ་ལྟར་རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་དང་ངལ་རྩོལ་པ་ལྷག་མ་སྤོ་སྒྱུར་བྱེད་པའི་ལས་དོན་སྤེལ།
“གན་བཞག་གནས་ངེས་རྣམ་པའི”གསོ་སྦྱོང་ནས“གསོ་སྦྱོང་གི་ཚབ་ལ་བྱ་བ་སྒྲུབ་པར”སྐུལ་འདེད་བཏང་ནས། བོད་ལྗོངས་ཀྱིས་ཁེ་ལས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་གསོ་སྦྱོང་འདོད་བློ་ཟུང་འབྲེལ་བྱས་ཏེ་རོང་འབྲོག་མང་ཚོགས་ཁྲི10ཙམ་ལ་གསོ་སྦྱོང་བྱས།
མང་ཚོགས་ཀྱིས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱིས་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ལ་བརྟེན་ནས་ལས་ཞུགས་རྒྱ་བསྐྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ལས་ཞུགས་བསྡུ་ལེན་བྱས། ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོར་དང་། ཤང་གྲོང་དར་རྒྱས་སོགས་ཀྱི་རྨང་གཞི་སྒྲིག་ཆས་ལས་གཞི་བཅས་རྒུད་གསབ་ལས་སྤྲོད་ཀྱི་རྣམ་པས་རོང་འབྲོག་པའི་ལས་གཞི་ལག་བསྟར་ཁེ་ལས་ཀྱིས་འགན་འཁུར་ནས་ལག་བསྟར་བྱེད་བཞིན་ཡོད། ད་ལོའི་ཟླ་སྔོན་མ9ཡི་ནང་། བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་མ་དངུལ་བཏང་བའི་ལས་གཞི5949ལས་འགོ་བསྐྱར་ཚུགས་བྱས་ཤིང་། རོང་འབྲོག་པ་ཁྲི20.74ལས་ཞུགས་བྱེད་པར་བསྡུ་ལེན་བྱས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ད་ལོར་བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་ཁྲི60ལྷག་གིས་ལས་ཞུགས་སྤོ་སྒྱུར་ལ་བརྟེན་ནས་འཚོ་བ་གསར་བ་རོལ་འགོ་བརྩམས།