ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱིས“2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ལེགས་གྲས་20”ཁྱབ་བསྒྲགས་ཀྱི་ཚོགས་འདུ་དང་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཀྱི་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་འབྲེལ་ཡོད་དགོངས་དོན་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི《ཁྲོམ་རའི་བྱེད་པོ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག》གསལ་འགྲེལ་བྱས་པ་དང་ཆབས་ཅིག“2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ལེགས་གྲས་20”དང“2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱེད་མཁན་དམངས་གཉེར་ཁེ་ལས་ལེགས་གྲས་20”ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་བྱ་དགའ་ཡང་སྤྲད་པ་རེད།
ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཚད་མཐོའི་མཐོང་ཆེན་བྱེད་པ། སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། འགན་འཁྲི་ཏན་ཏིག་འཁུར་བ་བཅས་བྱས་ནས《ཁྲོམ་རའི་བྱེད་པོ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》དོན་འཁྱོལ་བྱ་རྒྱུ་འགན་ལེན་དང་། དམངས་གཉེར་ཁེ་ལས་མཁས་ཅན་གྱིས་བཅའ་ཁྲིམས་ཀྱི་འདུ་ཤེས་འཛུགས་པ་དང་། ཁྲིམས་སྲུང་གཉེར་སྐྱོང་མཐའ་འཁྱོངས། ལག་རྩལ་དང་། སྤུས་རྟགས། ལམ་ལུགས་གསར་གཏོད་བཅས་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས“2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ལེགས་གྲས20”ཁྱབ་བསྒྲགས་ཀྱི་ཚོགས་འདུ་དང་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།