—— མངའ་རིས་ས་ཁུལ་གྱིས་ཞིང་ལས་དང་གྲོང་གསེབ་ཚད་ལྡན་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་ལས་དོན་སྐོར་གྱི་སྒྲིལ་གླེང་།
2020ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། ཞིང་ལས་དང་གྲོང་གསེབ་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བའི་ལས་ཀའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚད་གཞི་དང་མ་ལག་ལེགས་སུ་གཏོང་བ། ཚད་ལྡན་ངང་ལག་བསྟར་བྱེད་པར་ཤུགས་སྣོན་རྒྱག་པ། ཚད་ལྡན་ཞབས་ཞུ་གསར་གཏོད་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་ཚད་ལྡན་ཅན་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད།
ཐོན་ལས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་པ།
ཐོན་ལས་འཕེལ་རྒྱས་ནི་གྲོང་གསེབ་དར་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྩ་བའི་ཐབས་ཇུས་ཡིན། མངའ་རིས་ས་ཁུལ་གྱིས་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས། ལས་ཞུགས་གཞན་སྒྱུར། སྣོད་བཅུད་ཁ་གསབ། སློབ་གསོའི་དབུལ་སྐྱོར། སྤྱི་ཚོགས་ཐ་སྐྱོང་། དངུལ་རྩའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་གཙོ་གནད་ལས་དོན་ལ་སྤྱི་འདོམས་བྱས་ནས་ལོ་ལྔའི་རིང་ཁྱོན་དུད་ཚང་6183ཡི་དབུལ་པོ་མི་23159ཉུང་དུ་བཏང་བ་དང་། རྫོང་བདུན་ཚང་མ་དབུལ་ཞྭ་ཕུད་པ། གྲོང་ཚོ་དང་གྲོང་ལྷན་དབུལ་པོ་139ཚང་མ་དབུལ་པོ་ལས་འཐེན་པ། དབུལ་པོ་ཐོན་ཚད་2015ལོའི་ལོ་མཇུག་གི་28.7%ནས་0བར་ཆག་ཡོད།
འདི་ལོར་མངའ་རིས་ས་ཁུལ་གྱིས་འབྲི་གཡག་ཐོན་ལས་འཛུགས་སྐྱོང་དངོས་སུ་སྤེལ་འགོ་ཚུགས་པ་དང་རྒྱུད་བཟང་འདེམས་གསོ་དང་ཁྱབ་གདལ་བཏང་བ་བརྒྱུད་ས་ཁུལ་ཡོངས་སུ་ཞང་ཞུང་བལ་འཇམ་ལུག་ལག་ཡོད་མགོ་གྲངས་ཁྲི་3ལྷག་ཙམ་ཟིན་པ་དང་གསོ་ཚགས་དཔེ་སྟོན་དུད་ཚང་120ལྷག་ཙམ་འཕེལ་རྒྱས་བཏང་ཡོད། དེ་དང་དུས་མཚུངས་མངའ་རིས་ས་ཁུལ་གྱིས“ཤ་ཚལ་སྒོང་གསུམ”དང“དཀར་ཆུའི”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྒར་རྫོང་དང་དགེ་རྒྱས་རྫོང་གི་སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་གཙོ་གནད་ཐོག་ལག་ལེན་བསྟར་ནས་དྲོད་ཁང་ཆེ་མོ་མུའུ་76བསྐྲུན་པ་དང་ཕྱུགས་རིགས་དུས་ཐུང་རྒྱགས་གསོ་དང་བཞོན་མ་གསོ་ཚགས་རྣམ་གྲངས་13ལག་ལེན་བསྟར་བས། དཔེ་སྟོན་གླིང་ཁག་གི་བྱེད་ནུས་དང་དེ་བཞིན་ཐོན་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཞིང་ལས་གྲོང་གསེབ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་མཁན་གྱི་ཐོན་སྐྱེད་བྱེད་པོའི་འགན་འཁྲི་དང་པོ་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལེགས་སུ་གཏོང་བ་བཅས་བྱ་ཆེད། ས་ཁུལ་དེས་བཟའ་བཅའི་ཞིང་ལས་ཐོན་རྫས་ཚད་ལོན་ལག་ཁྱེར་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ཚོད་ལྟའི་ལག་བསྟར་བྱས་ཡོད། མིག་སྔར་ས་ཁུལ་ཡོངས་ཀྱི་རྫོང་བདུན་ཚང་མར་ལམ་ལུགས་དེ་ལག་བསྟར་བྱས་ནས་བྱེད་པོ་23(ཐོན་སྐྱེད་ཁེ་ལས་11དང་། འདེབས་གསོ་དུད་ཆེན་2 ཐར་ཐོར་དུད་ཚང་11)ལ་ཚོད་ལྟའི་ལག་བསྟར་བྱས་ནས་ཚད་ལོན་ལག་ཁྱེར་967སྤྲད་པ་དང་ཚད་ལོན་ལག་ཁྱེར་ལྡན་པའི་ཞིང་ལས་ཐོན་རྫས་ཏུན་68.3ལྷག་ཙམ་ཁྲོམ་རར་བཙོངས་ཡོད།
སྣོད་བཅུད་དང་ཡུལ་སྲོལ་གཉིས་ཀ་ལེགས་སུ་ཕྱིན་པ།
ས་ཁུལ་དེས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་ཆ་འཕྲིན་ཐོ་འགོད་དང་གྲོང་ཚོའི་འཆར་འགོད་སྒྲིག་བཟོ་དུས་ཐོག་ཏུ་ལེགས་གྲུབ་བྱས་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་བྱས་པས་ཞིང་འབྲོག་ཁུལ་དུ་གད་སྙིགས་གང་བྱུང་དུ་བཤོ་བ་དང་། ལུད་གང་བྱུང་དུ་སྤུངས་པ། བུད་ཤིང་གང་བྱུང་དུ་འཇོག་པ་བཅས་ཀྱི་སྣང་ཚུལ་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད། ཞིང་སྤྱོད་འགྱིག་སྲབ་མོ་ཚུར་བསྡུ་བྱེད་ཚད་80%ཡན་ཟིན་པ་དང་། རྫས་ལུད་དང་ཞིང་སྨན་བེད་སྤྱོད་རྩ་བ་ནས་བྱས་མེད་པ། རིམ་རྩིས་བྱས་ན་དུས་ཚོད་ཡོལ་བའི་ཞིང་སྨན་ཏུན་71མེད་པ་བཟོས་ཡོད། “ཆུ་དང་། སོལ་རླངས། ས་རྒྱུ”བཅས་བྱ་སྤྱོད་ཆེན་པོ་གསུམ་གྱི་འཆར་གཞི་བཟོས་ནས་ལག་བསྟར་བྱས་ཏེ་ཆུ་དྭངས་དང་། གནམ་སྔོ། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ཡོད།“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་ལས་གྲྭ་དང་། སྣོད་བཅུད་བྱེད་ནུས་ཁུལ་སྲུང་སྐྱོང་ལས་གྲྭ བྱེ་འགོག་བྱེ་བཅོས་ལས་གྲྭ མི་ཐབས་རྩྭ་འདེབས་ལས་གྲྭ རང་བྱུང་སྲུང་སྐྱོང་ཁུལ་བཅས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྩྭ་ཐང་དང་། ནགས་ཚལ། འདམ་ར་བཅས་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་རྩིས་བྱས་ན་གཙོ་གནད་ས་ཁོངས་སུ་ནགས་བཟོ་མུའུ་ཁྲི་1.76བྱས་པ་དང་། ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་ནགས་ཚལ་མུའུ་ཁྲི་46.93བསྐྲུན་པ། འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་42.49བྱས་པ། རྡེའུ་རིལ་བྱེ་གནོན་དང་བྱེ་འགོག་རྩྭ་འདེབས་མུའུ་ཁྲི་32.6བྱས་ཡོད།
དམངས་འཚོ་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།
འཚོ་བ་འབྱོར་ཕྱུག་གི་རྩ་བར་བཟུང་ནས་གྲོང་གསེབ་ཀྱི་དམངས་འཚོ་འགན་ལེན་ཆུ་ཚད་མཐོ་རུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས“སྔར་བས་བརྒྱད”ཀྱི་དམིགས་ཚད་མངོན་འགྱུར་ལ་དམ་པོར་དམིགས་ནས་ལོ་5བསྟུད་མར་མི་རྒྱུ་དངོས་གསུམ་གཅིག་སྡུད་བྱས་ནས་མ་དངུལ་སྒོར་དུང་ཕྱུར་378སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ། “དམངས་འཚོའི་འདུ་འགོད་ཁག་བཅུ”ལག་བསྟར་བྱས་པས་ས་ཁུལ་ཡོངས་ཀྱི་མང་ཚོགས་ཁྲི་12.4ལ་ཕན་པ་ཐོབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
“ཡོང་འབབ་འཕར་སྣོན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ལས་གཏོད་ལས་ཞུགས་གསོ་སྦྱོང་བྱེད་པ། ཐབས་ལམ་རྒྱ་སྐྱེད་གཏོང་བ། ཐོན་སྐྱེད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱེད་པ། རྣམ་གྲངས་ཀྱིས་འདེགས་སྐྱོར་དང་སྐུལ་ཁྲིད་བྱེད་པ། དམངས་ཕན་སྲིད་ཇུས་ཀྱི་རྩ་བ་བརྟན་དུ་གཏོང་བ”བཅས་ཀྱི་འབབ་འཕར་འདུ་འགོད་ཆེན་པོ་9ལག་བསྟར་ཤུགས་ཆེན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐུབ་པ་མ་ཟད། ཡོང་འབབ་ཀྱང་འཕར་བ་བྱས་ཡོད། མིག་སྔའི་བར་ཞིང་འབྲོག་པ་6678ལས་ཞུགས་གཞན་སྒྱུར་བྱས་པ་དང་ཡོང་འབབ་སྒོར་ཁྲི་9063.75བྱུང་ནས་ལོ་འཁོར་འདིའི་ལས་འགན་གྱི་134%དང་113%སོ་སོར་ལེགས་སྒྲུབ་བྱས་ཡོད།
སློབ་གསོ་ནི་དམངས་འཚོའི་རྨང་གཞི་ཡིན། མངའ་རིས་ས་ཁུལ་གྱིས“ས་གནས་དེ་གར་སེམས་ནུས་གཅིག་སྒྲིལ་གྱིས་སློབ་ཆུང་གཉེར་བ་དང་། ད་ཡོད་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སློབ་འབྲིང་གཉེར་བ། ཡུལ་གཞན་གྱི་ལེགས་ཆར་བརྟེན་ནས་མཐོ་རིམ་སློབ་འབྲིང་གཉེར་བ”བཅས་ཀྱི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ལྷ་ས་མངའ་རིས་མཐོ་རིམ་སློབ་འབྲིང་དང་ལྷ་ས་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་བཙུགས་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་བ་དང་། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་བྱས་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད།
སྨན་བཅོས་འགན་ལེན་ཐད་མངའ་རིས་ས་ཁུལ་གྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ལ་ཁྱབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁོངས་ནང་གི་གྲྭ་བཙུན་ལ་རིན་མེད་ངང་གཟུགས་པོ་བརྟག་དཔྱད་བྱས་ཡོད། སྨན་བཅོས་འགན་ལེན་དང་། སྨན་བཅོས་ཞབས་ཞུ། སྤྱི་པའི་འཕྲོད་བསྟེན། སྨན་རྫས་མཁོ་འདོན། ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཐུམ་འབུའི་ནད་དང་། འདུས་འདྲིལ་གཅོང་ནད། མཆིན་ཚད། གྲུམ་བུའི་ནད། བུད་མེད་ཀྱི“འབྲས་སྐྲན་གཉིས”བཅས་ཀྱི་ཕྱོགས་བསྡུས་འགོག་བཅོས་ལ་སྐུལ་འདེད་བཏང་ཡོད། མངའ་རིས་ས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་སྤྱི་འདོམས་འཕེལ་རྒྱས་གང་མགྱོགས་གཏོང་བ་དང་སྤྱི་ཚོགས་ཀྱི་འགན་བཅོལ་ཁྱབ་ཁྱོན་ཆེ་རུ་བཏང་བས། རྒན་གསོ་དང་སྨན་བཅོས་འགན་བཅོལ་ཕྱོགས་ཡོངས་ལ་ཁྱབ་པ་དང་འགན་བཅོལ་སྣ་ཚོགས་ལ་ཞུགས་པའི་མི་གྲངས་མི་ཐེངས་ཁྲི་21.8ཟིན་ཡོད། “གཅིག་སྡུད་གཉིས”ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གཅིག་སྡུད་བསྙེན་བཀུར་ཐོབ་འདོད་ཡོད་པའི་འགན་ལེན་ལྔའི་རྒན་རྒོན་དང་དྭ་ཕྲུག་གསོ་ཉར་བྱེད་ཚད་100%ཡི་དམིགས་ཚད་མངོན་འགྱུར་བྱུང་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་ནུས་ཤུགས་ཡོད་རྒུས་བསྐྱོད་པ།