ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་མཚོན་ཆེད། ཚེས8ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ཁོང་ཏེ་དབང་བཅས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་རེད།
ཏང་གི་འོད་ཟེར་མཐའ་མཚམས་ས་ཁུལ་དུ་འཕྲོས། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ།“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་བ་བཅས་བྱས་ཡོད། རྒྱ་ཆེའི་མང་ཚོགས་ལ་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་ཁྲོད་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་མྱོང་ཚོར་གཏིང་ཟབ་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་ཚོར་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།
གྲོ་མོ་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ནང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་བཟོའི་ཐོག་ཁང་མང་པོ་གྲལ་སྟར་འགྲིག་པ་དང་། སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་། ཡུལ་མི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་འདུག གནས་སྤོས་མང་ཚོགས་བསྟན་འཛིན་རྒྱལ་མཚན་གྱི་ཁྱིམ་དུ་དེང་རབས་ཅན་གྱི་གློག་ཆས་ཆ་ཚང་པོ་ཡོད་ལ། མགྲོན་བསུའི་ཁང་པའི་མངོན་གསལ་དོད་ཤོས་སུ་གཙོ་འཛིན་གྱི་སྐུ་པར་ཡང་བཀལ་ཡོད་ཅིང་། ཝུའུ་དབྱིང་ཅེས་ཁོང་ཁྱིམ་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། “སྲིད་ཇུས་ཀྱི་ཁ་གསབ་སྣ་ཚོགས་རག་བྱུང་ངམ” “ཐོན་སྐྱེད་དང་འཚོ་བར་དཀའ་ངལ་གང་འདྲ་འདུག་གམ”ཞེས་པ་སོགས་ཝུའུ་དབྱིང་ཅེས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། བསྟན་འཛིན་རྒྱལ་མཚན་གྱིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གནང་བའི་སྐར་ལྔའི་དར་དམར་དང་གཙོ་འཛིན་གྱི་སྐུ་པར་ལག་ཏུ་འཁྱེར་ནས། གུང་ཁྲན་ཏང་གིས་ང་ཚོར་ཁང་པ་གསར་པ་བསྐྲུན་བྱུང་། ང་ཚོ་ན་དུས་སྨན་བཅོས་འགན་བཅོལ་ཡོད་པ་དང་། སློབ་གྲྭ་འགྲིམ་དུས“འགན་ལེན་གསུམ”ཡོད་ལ། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་སྣ་ཚོགས་ལོངས་སུ་སྤྱོད་རྒྱུ་འདུག ད་ཆ་གྲོང་ཚོའི་ནང་གི་ཁྱིམ་ཚང་ཚང་མར་སྒེར་གྱི་རླངས་འཁོར་ཡོད་པས། ངས་ཀྱང་ཟོག་འདྲེན་རླངས་འཁོར་ཆུང་གྲས་བཏང་ནས་ཚོང་ཙག་ཙིག་བརྒྱབ་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ལྔ་དྲུག་འདུག་པས་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པོ་འདུག ཚང་མས་འཚོ་བའི་འགྱུར་ལྡོག་ཆེན་པོ་ཏན་ཏིག་ཚོར་ནས། ངེས་པར་དུ་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་རྒྱུ་ཡིན་ཟེར་གྱི་འདུག་ཅེས་ཞུས་པ་རེད། ཝུའུ་དབྱིང་ཅེས་གསན་རྗེས་བརྩེ་བ་ཟབ་མོའི་ངང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་གི་ཡོད། ཡུན་རིང་མཐའ་མཚམས་ས་ཁུལ་དུ་འཚོ་བ་བསྐྱལ་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་བ་དང་། མཐའ་མཚམས་དར་རྒྱས། མཐའ་མཚམས་སྲ་བརྟན་བཅས་ཡོང་ཆེད་ལེགས་སྐྱེས་འབུལ་མཁན་མང་ཚོགས་ནམ་ཡང་བརྗེད་མེད་ལ། དམིགས་བསལ་གྱི་དམངས་ཕན་དམངས་ཕྱུག་སྲིད་ཇུས་མང་པོ་གཏན་འབེབས་ཀྱང་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཏང་གི་བཀའ་དྲིན་ནམ་ཡང་མི་བརྗེད་པ་དང་། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅིའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་བཅས་ཀྱི་གནས་བབ་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་པ། རྒྱལ་གཅེས་བརྩེ་སེམས་དར་སྤེལ་ཤུགས་ཆེན་གཏོང་བ། འཚོ་བའི་ཕྱོགས་གང་སར་མཉམ་འདྲེས་ཐུབ་པ། ཕྱོགས་གང་ས་ཅི་ཐད་ནས་མཚོན་པ་བཅས་བྱས་ནས་མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་དང་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
གྲོང་ཚོའི་ཐང་ཆེན་དུ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པ”བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ཕན་བརྡ་ཁྱབ་བྱང་བུ་ཆེན་པོ་བཙུགས་ཡོད། གནས་ཚུལ་གོ་ཐོས་བྱུང་བའི་གྲོང་མི་ཝུའུ་དབྱིང་ཅེའི་མཐའ་འཁོར་དུ་འཛོམས་བཞིན། ཏང་གི་བཀའ་དྲིན་ཚོར་སེམས་གཅིག་རྗེས་གཉིས་མཐུད་ངང་ཞུས་པ་རེད། ཝུའུ་དབྱིང་ཅེས་ཁོང་ཚོར་སྤྱི་དམངས་ཀྱི་འདུ་ཤེས་དང་ས་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་ནས། དཀའ་སྤྱད་འབད་འཐབ་དང་། རང་སྟོབས་རང་སྤེལ། མཐའ་མཚམས་སུ་རྩ་བ་ཚུགས་པ། ཁྱིམ་གཞིས་སྲུང་སྐྱོང་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཝུའུ་དབྱིང་ཅེས། མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ང་ཚོར་བཀོད་སྒྲིག་གནང་བའི་ལས་དོན་གལ་ཆེན་གཞན་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཟུང་འབྲེལ་དམ་ཟབ་བྱེད་པ། ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་གཏོང་བ། གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། མང་ཚོགས་ལ་སློབ་གསོ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་བསམ་བློ་བཅིངས་འགྲོལ་དང་ལྟ་བ་གསར་བརྗེས་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ། སེམས་ཤུགས་གཙོ་བོ་ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ལེགས་བཅོས་ཐོག་འཇོག་དགོས། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། མཐའ་མཚམས་ཀྱི་གཞི་རིམ་ཏང་རྩ་འཛུགས་འདི་མཐུན་སྒྲིལ་བྱེད་མཁས་པ་དང་། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། མེས་རྒྱལ་ལ་དགའ་ཞེན་ཡོད་པ། མངའ་ཁོངས་ས་ཆ་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། “ཐུན་མོང་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ་བཅས་བྱས་ཏེ། མེས་རྒྱལ་སྲུང་སྐྱོབ་ཀྱི་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཝུའུ་དབྱིང་ཅེས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་རྟོག་ཞིབ་གནང་བ།