ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་སྲིད་གཙང་དྲན་སྐུལ་སློབ་གསོའི་ཚོགས་ཆེན་ཐོག་ནག་ཆུ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་རིམ་པ་བཞི་པའི་བརྟག་ཞིབ་པ་བཀྲ་ཆེ་གེ་མོའི་ཐག་གཅོད་གཏན་འབེབས་ཡི་གེ་སྒྲོག་སྦྱངས་བྱས་པས། ཡུལ་དངོས་ཀྱི་རྣམ་པ་འཕྲལ་མར་ཛ་དྲག་ཏུ་སོང་ནས་ཐུན་མོང་མ་ཡིན་པའི་སྲིད་གཙང་དྲན་སྐུལ་སློབ་གསོའི་ཚོགས་ཆེན་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་ཚོགས་ཆེན་ནི་ནག་ཆུ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ། དྲན་སྐུལ་སློབ་གསོར་ཤུགས་སྣོན་དང་ལེགས་སུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཉེན་བརྡ་ཡུན་རིང་སྒྲོག་དགོས་ཞེས་བརྗོད་པ་རེད།
“ངས་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་རང་ཉིད་ལ་འཆུན་འདོམས་མ་བྱས་པས་མཐར་དེ་རིང་གི་མཇུག་འབྲས་འདི་བྱུང་སོང་། ང་རང་ད་ཆ་འགྱོད་པ་ཆེན་པོ་སྐྱེ་གི་འདུག ངས་རང་ཉིད་ཀྱི་བྱེད་སྤྱོད་ལ་ངོ་གནོང་བ་དང་། ལོ་མང་རིང་རང་ཉིད་གསོ་སྐྱོང་བྱེད་མཁན་གྱི་རང་གི་རྩ་འཛུགས་ལ་ངོ་གནོང་བ། ཕ་ཡུལ་གྱི་ཡུལ་མི་སྤུན་མཆེད་ལ་དེ་བས་ངོ་གནོང་གི་འདུག”ཅེས་ནག་ཆུ་སྒྱུར་འཕེལ་ཨུ་ལྷན་གྱི་དེ་སྔའི་བརྟག་ཞིབ་པ་གཞོན་པ་འབྲུག་ཆེ་གེ་མོས་བློ་འགྱོད་བྱེད་པའི་བརྙན་ཐུང་སྟོན་སྐབས་ཚོགས་ར་འཇམ་ཐིང་ངེར་གྱུར་ནས་མི་ཚང་མའི་སེམས་སུ་ཟུག
ཚོགས་ཆེན་ཐོག་ནག་ཆུ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་བཀྲ་ཆེ་གེ་མོ་ས་གནས་ས་ཐོག་ཏུ་སླེབས་ནས་རང་ཉིད་ལ་བློ་འགྱོད་ཆེན་པོ་བྱུང་ཚུལ་སོགས་བཤད་པས་ཚོགས་ཞུགས་མི་སྣར་དྲན་སྐུལ་སློབ་གསོ་ཟབ་མོ་ཐེབས་པ་རེད།
ནག་ཆུ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཏུང་མའེ་ཡིས་སེམས་འགུལ་ཆེན་པོས“ཏང་ཡོན་ལས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་རུལ་སུངས་ཀྱི་ཉེན་ཁ་འཕྲད་སྲིད་པས་དཔེ་མཚོན་གྱི་གྱོད་གཞི་འདི་དག་གིས་སླར་ཡང་ང་ཚོར་ཕུགས་བསམ་དང་དད་སེམས་བརྟན་པོ་དགོས་པའི་དྲན་སྐུལ་བྱེད་པ་དང་། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ་དང་དབང་ཆ་ཡང་དག་སྤྱད་དེ་དྲིན་ཚོར་གྱི་སེམས་ཀྱིས་ལས་ཀ་ཧུར་ཐག་བྱེད་པ་དང་མང་ཚོགས་ཀྱི་དྲིན་ལན་འཇལ་དགོས”ཞེས་བརྗོད་པ་རེད།
“ད་ཐེངས་ས་གནས་ས་ཐོག་ཏུ་ཐག་གཅོད་གཏན་འབེབས་སྒྲོག་སྦྱངས་དང་། སྒྲིག་འགལ་ཁྲིམས་འགལ་བས་ས་གནས་ས་ཐོག་ཏུ་སོ་སོའི་ནོར་འཁྲུལ་ཤོད་པ། སྒྲིག་ཁྲིམས་ཆེན་པོ་དྲུག’ལས་འགལ་བའི་དཔེ་མཚོན་གྱོད་གཞི་བརྡ་ཁྱབ་གཏོང་བ་བཅས་ཀྱི་བྱ་ཐབས་བརྒྱུད་དྲན་སྐུལ་སློབ་གསོ་བཏང་སྟེ་མྱོང་ཚོར་ཟབ་མོའི་སྒོ་ནས་ལས་བྱེད་པར་ཉེན་བརྡ་བཏང་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་རྟོགས་པ་དང་། གུས་སྐྲག་ཤེས་པ། དོགས་སྐྲག་ཡོད་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཡོད་པས། དེར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ནག་ཆུ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རེན་གཞོན་པ་ལེའང་ཅང་ཐའོ་ཡིས་མོས་མཐུན་ཡོད་པའི་སྒོ་ནས་བརྗོད་པ་རེད།
འདི་ལོ་ཚུན་དུ་ནག་ཆུ་གྲོང་ཁྱེར་གྱི་རིམ་ཁང་ཏང་ཨུད(ཏང་ཙུའུ)དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དང་། བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ནན་པོ་སྒྲུབ་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་ཀྱི་གནད་དོན་ཐག་གཅོད་ནན་པོ། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཁག་གཅིག་ལ་ཞིབ་གཅོད་ནན་པོ་བཅས་བྱས་ནས་སྤྱོད་བཟང་སྒྲིག་ནན་དང་ཁྲིམས་འགལ་ཆད་གཅོད་ཀྱི་ཟིལ་ཤུགས་ཆགས་པ། ལས་བྱེད་པའི་ཡིད་ཆེས་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་རྣམ་པ་སྔར་བས་ལེགས་སུ་ཕྱིན་ཡོད།
འདི་ལོའི་ཟླ་1པོ་ནས་10པའི་བར་ནག་ཆུ་གྲོང་ཁྱེར་གྱིས་གྱོད་གཞི་201གྱོད་ཐོ་བཀོད་དེ་སྔ་རྗེས་སུ་པ་སངས་དོན་གྲུབ་དང་། གཡོད་ཁྲེང་ཆང་། ཚེ་དགའ་སོགས་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་8ཞིབ་གཅོད་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མིག་སྔའི་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་དྲན་སྐུལ་སློབ་གསོའི་ལས་འགན་སྔར་བཞིན་ལྕི་པོ་ཡོད་པ་ངོས་འཛིན་གསལ་པོ་ཐུབ་པར་བྱས་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་གཙང་དྲན་སྐུལ་སློབ་གསོར་དམ་འཛིན་ནན་པོ་བྱས་པ།