ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས10ཉིན། རྒྱལ་ཡོངས་ཀྱི་ནུས་རྩལ་འགྲན་བསྡུར་སྐབས་དང་པོ་ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲུའུ་གྲོང་ཁྱེར་དུ་སྤེལ་འགོ་བརྩམས།
རྒྱུས་ལོན་ལྟར་ན། ཐེངས་འདིའི་འགྲན་བསྡུར་ཆེན་མོའི་བརྗོད་བྱ་ནི“དུས་རབས་གསར་བ་དང་། ནུས་རྩལ་གསར་བ། ཕུགས་འདུན་གསར་བ་”བཅས་ཡིན་ཞིང་། འགྲན་བསྡུར་རྣམ་གྲངས86བཀོད་སྒྲིག་བྱས་པ་དང་རྒྱལ་ཡོངས་སུ་བདམས་ཐོན་པ2500ལྷག་དང་ཤན་འབྱེད་པ2300ལྷག་འགྲན་བསྡུར་ཁྲོད་ཞུགས་ཡོད། དེ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ཚུན་ཚད་གཞི་ཆེས་མཐོ་བ་དང་། རྣམ་གྲངས་ཆེས་མང་བ། གཞི་ཁྱོན་ཆེས་ཆེ་བ། ཆུ་ཚད་ཆེས་མཐོ་བ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ལས་རིགས་ནུས་རྩལ་འགྲན་བསྡུར་ཡིན། ལས་རིགས་ནུས་རྩལ་འགྲན་བསྡུར་དང་། རྣམ་གྲངས་འགྲེམ་སྟོན་སྤེལ་རེས། “ཀྲུང་ཧྭའི་ཕུལ་བྱུང་ལག་རྩལ”གྱི་འགྲེམས་འཁྲབ་སོགས་ཀྱི་བྱ་འགུལ་དབྱེ་ཡོད། ལས་རིགས་ནུས་རྩལ་འགྲན་བསྡུར་ཁྲོད་རྒྱལ་ཁབ་རིམ་པའི་འགྲན་བསྡུར་གྱི་ལེགས་འདེམས་རྣམ་གྲངས23དང་འཛམ་གླིང་རིམ་པའི་འགྲན་བསྡུར་གྱི་འདེམས་སྒྲུག་རྣམ་གྲངས63བཀོད་སྒྲིག་བྱས་ཡོད་དེ། བོད་ལྗོངས་ཀྱིས་མངག་གཏོང་བྱས་པའི་འགྲན་ཞུགས་བདམས་ཐོན་པ27རྒྱལ་ཁབ་རིམ་པའི་འགྲན་བསྡུར་གྱི་ལེགས་འདེམས་རྣམ་གྲངས་15དང་འཛམ་གླིང་རིམ་པའི་འགྲན་བསྡུར་གྱི་འདེམས་སྒྲུག་རྣམ་གྲངས12ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་ཞིང་། བོད་ལྗོངས་ཀྱིས་བདམས་སྐྱེལ་བྱས་པའི“བོད་ཀྱི་སྲོལ་རྒྱུན་ཐང་ག་འབྲི་བའི”ལག་རྩལ་དེ“ཀྲུང་ཧྭའི་ཕུལ་བྱུང་ལག་རྩལ”གྱི་འགྲེམས་འཁྲབ་བྱ་འགུལ་ཁྲོད་ཞུགས་རྒྱུ་རེད།
བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཐེངས་འདིའི་འགྲན་བསྡུར་ཁྲོད་འབྲས་བུ་ལེགས་པོ་ལེན་ཆེད། འགྲན་བསྡུར་མ་བྱས་སྔོན་དུ་ང་ཚོས་བོད་ལྗོངས་ལག་རྩལ་པའི་སློབ་གླིང་དང་། ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་བ། དེང་རབས་ཞབས་ཞུ་ལས་རིགས་ལས་རྩལ་བཟོ་བའི་སློབ་གྲྭ་སོགས་སློབ་གྲྭ(གསོ་སྦྱོང་ལས་ཁུངས)8རྩ་འཛུགས་བྱས་ཏེ་བདམས་ཐོན་པ་རྣམས་ལ་ཉིན10ནས་ཉིན15བར་གྱི་གཅིག་བསྡུས་གསོ་སྦྱོང་སྤེལ་བ་དང་། དེའི་ཁྲོད་བདམས་ཐོན་པ27རྒྱལ་ཡོངས་ཀྱི་ནུས་རྩལ་འགྲན་བསྡུར་སྐབས་དང་པོར་ཞུགས་པར་འདེམས་སྒྲུག་བྱས། གཅིག་བསྡུས་སྦྱོང་བརྡར་ཚད་གཞིར་ལོན་པའི་བདམས་ཐོན་པ་ཚང་མ་རང་སྐྱོང་ལྗོངས་ཀྱི་རིགས་དང་པོའི་འགྲན་བསྡུར་གྱི་བདམས་ཐོན་པའི་མཛོད་དུ་བཅུག་ནས། རྗེས་ཕྱོགས་བོད་ལྗོངས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་འགྲན་བསྡུར་ཁྲོད་ཞུགས་པར་རྨང་གཞི་བཏིང་། དེ་དང་ཆབས་ཅིག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད་བོད་ལྗོངས་ཀྱི་འགྲན་ཞུགས་བདམས་ཐོན་པ5རྣམ་གྲངས་སོ་སོའི་རྒྱལ་ཁབ་རིམ་པའི་སྣེ་ཁྲིད་རྟེན་གཞིའི་ནུས་བ་མཐོར་འདེགས་གསོ་སྦྱོང་ཁྲོད་ཞུགས་པར་མངག་གཏོང་བྱ་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་བདམས་ཐོན་པ27རྒྱལ་ཡོངས་ཀྱི་ནུས་རྩལ་འགྲན་བསྡུར་སྐབས་དང་པོར་ཞུགས་པ།