ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་བྱ་བར་སྐུལ་འདེད་གཏོང་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་བའི་གཙོ་གནད་དུ་བཟུང་སྟེ། རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་བྱ་བའི་རྣམ་པ་གསར་བ་སྐྲུན། ཟླ11པའི་ཟླ་མཇུག་བར་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་བསྡོམས་པས་རོང་འབྲོག་མང་ཚོགས་ཁྲི3.78ལས་ཞུགས་སྤོ་སྒྱུར་བྱེད་པར་མངོན་འགྱུར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་མི་གྲངས་སྤྱིའི49.4%ཟིན་པ་དང་། ལས་ཞུགས་སྤོ་སྒྱུར་གྱི་ཡོང་སྒོ་སྒོར་དུང་ཕྱུར4.3མངོན་འགྱུར་བྱས་ནས། སོ་སོ་ནས་ལོ་འཁོར་དམིགས་འབེན་ལས་འགན་གྱི108%དང143%ལེགས་འགྲུབ་བྱས། དེའི་ཁྲོད། དབུལ་བོ་མི9603ལས་ཞུགས་སྤོ་སྒྱུར་བྱས་ཤིང་། ལོ་སྔོན་མ་དང་བསྡུར་ན་མི1311ཇེ་མང་དུ་སོང་བ་དང་། ལས་ཞུགས་སྤོ་སྒྱུར་གྱི་ཡོང་སྒོ་སྒོར་དུང་ཕྱུར1.1མངོན་འགྱུར་བྱས་ལ། མི་རེར་ཆ་སྙོམས་ཀྱི་ཡོང་སྒོ་སྒོར11400ལྷག་འཕར་སྣོན་བྱུང་།
ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་དངུལ་གཏོང་རྣམ་གྲངས་ཁྲོད་ལྗོངས་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ལས་མི་སྤྱོད་ཚད་དེ་རྣམ་གྲངས་ལས་མི་སྤྱོད་ཚད་བསྡོམས་འབོར་གྱི40%དང་ཁྲི400མན་གྱི་སྲིད་གཞུང་གི་དངུལ་གཏོང་རྣམ་གྲངས་ཆ་རྐྱེན་འཛོམས་པའི་རོང་འབྲོག་མང་ཚོགས་ཀྱི་ལས་གཞི་ལག་བསྟར་ཁེ་ལས་ལ་སྐྲུན་འགན་འཁུར་དུ་བཅུག་ཡོད་ཅིང་། ལས་གཞི་ལག་བསྟར་ཁེ་ལས་ཁྲོད་ས་གནས་དེའི་མང་ཚོགས་ཀྱིས་ལས་མི་སྤྱོད་ཚད་བསྡོམས་འབོར་གྱི80%ཡན་ཟིན་པའི་བྱ་བའི་བླང་བྱ་ཁག་ཐེག་བྱས། རིམ་པ་སོ་སོའི་རྣམ་གྲངས་འཛུགས་སྐྲུན་སྡེ་ཚན་གྱི་རོང་འབྲོག་པ་ལས་ཞུགས་སྤོ་སྒྱུར་བྱེད་པར་ཁྲིད་སྟོན་དང་སྐུལ་མ་བཏང་། ཟླ11པའི་ཟླ་མཇུག་བར་དུ། ཉིང་ཁྲི་གྲོང་ཁྱེར་གྱི་ལས་འགོ་བསྐྱར་ཚུགས་བྱས་པའི་རྣམ་གྲངས551ཡོད་པ་དང་། རོང་འབྲོག་པ12282ལས་ཞུགས་སྤོ་སྒྱུར་བྱེད་པར་བསྡུ་ལེན་བྱས། དེ་ལས་མི་སྤྱོད་ཚད་སྤྱིའི61.69%ཟིན་ནས། ངལ་ནུས་ཡོང་སྒོ་སྒོར་དུང་ཕྱུར1མངོན་འགྱུར་བྱས། སྒོར་ཁྲི400མན་གྱི་ལས་གཞི318ལས་འགོ་བསྐྱར་ཚུགས་བྱས་ཤིང་། རོང་འབྲོག་པའི་ལས་གཞི་ལག་བསྟར་ཁེ་ལས་ལ་སྤྲད་པའི་འཛུགས་སྐྲུན་རྣམ་གྲངས250ཡོད། རོང་འབྲོག་པ5056ལས་ཞུགས་སྤོ་སྒྱུར་བྱེད་པར་བསྡུ་ལེན་བྱས་ཏེ། ལས་མི་སྤྱོད་ཚད་སྤྱིའི92.06%ཟིན་ཡོད་ཅིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་སོ་སོའི་ཨང་དང་པོར་སླེབས་ནས་ངལ་ནུས་ཡོང་སྒོ་སྒོར་ཁྲི4622མངོན་འགྱུར་བྱས་ཡོད་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཟླ11པའི་ཟླ་མཇུག་བར་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་རོང་འབྲོག་མང་ཚོགས་ཁྲི3.78ལས་ཞུགས་སྤོ་སྒྱུར་བྱས།