བོད་ལྗོངས་ཀྱི་མཐོ་སློབ་ལ་ཀྲུང་གོ་རྒྱལ་སྤྱིའི“དྲ་སྦྲེལ+”གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་གསེར་གྱི་བྱ་དགའ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་གོ་རྒྱལ་སྤྱིའི“དྲ་སྦྲེལ+”གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་སྤྱིའི་མཐའ་བསྡུར་ཧྭ་ནན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་གཉེར་བ་དང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གསར་གཏོད་ལས་གཏོད་སློབ་གླིང་དང་ཡུལ་སྐོར་དང་རིག་གནས་སློབ་གླིང་གིས་མཉམ་དུ་འོས་སྦྱོར་བྱས་པའི《མ་ཕམ་གཡུ་མཚོ། ལན་ཧྭའི་གཅེས་ནོར》རྣམ་གྲངས་ལ་གསེར་གྱི་བྱ་དགའ་ཐོབ་ནས། སློབ་གྲྭ་དེའི་འགྲན་ཞུགས་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་ཡོད་ལ། རང་ལྗོངས་ཀྱི་མཐོ་སློབ་ལའང་རྣམ་གྲངས་དེའི་འགྲན་བསྡུར་གྱི་གསེར་གྱི་བྱ་དགའ་ཐོབ་ཐེངས་དང་པོ་རེད།

ད་ཐེངས་ཀྱི་འགྲན་བསྡུར་དེ་སློབ་གསོ་པུའུ་སོགས་ཀྲུང་དབྱང་གི་པུའུ་ཨུད་12དང་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། ཟླ་6པ་ནས་གཉེར་འགོ་ཚུགས་ཚུན། ཁྱོན་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་མཐོ་སློབ་ཆེ་གྲས་ཁག་གི་རྣམ་གྲངས་ཁྲི་147དང་། མི་གྲངས་ཁྲི་631འགྲན་བསྡུར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་དང་། ཐོག་མའི་འགྲན་བསྡུར་དང་འགྲན་བསྡུར་བསྐྱར་མ་བྱས་པ་བརྒྱུད། ཁྱོན་རྣམ་གྲངས་453སྤྱིའི་མཐའ་བསྡུར་ནང་ཚུད་པ་དང་། མཐར་རྣམ་གྲངས་ཁག་11གདམ་གསེས་བྱས་ཏེ་རྒྱལ་ཡོངས་ཀྱི་སྤྱིའི་མཐའ་བསྡུར་ནང་ཞུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《མ་ཕམ་གཡུ་མཚོ། ལན་ཧྭའི་གཅེས་ནོར》རྣམ་གྲངས་དེ་སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་ཐོན་ལས་དང་སློབ་གསོ་མཉམ་འདྲེས་བྱེད་རྒྱུ་གཙོ་བོར་བྱས་པ་དང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་བོད་ལྗོངས་ཁྲེང་ཧྥ་ལན་ཧྭའི་གཅེས་ནོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མཉམ་སྦྲེལ་ཐོག་བཏོད་པ། བོད་ཀྱི་འབྲི་གཡག་གི་ཚོན་ལྡན་རུས་པ་དང་དཀར་ཆས་བཟོ་སྐྲུན་རྨང་གཞིར་བྱས་ནས་གསར་སྤེལ་བྱས་པའི་འབྲི་གཡག་གི་རུས་བརྐོས་ཡོ་ཆས་དང་། འབྲི་གཡག་གི་རུས་བརྐོས་ཐང་ག འབྲི་གཡག་གི་རུས་བརྐོས་བཟོ་རྩལ་ཐོན་རྫས་སོགས་ཀྱི་ཐོན་རྫས་མ་ལག་གི་གྲས་ཤིག་ཡིན་ཞིང་། “རྣམ་གྲངས་དེ་ནི་ཀུང་སིས་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་རྟེན་གཞི་བཙུགས་པ་བརྒྱུད། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་མ་ཟད། ད་དུང་ལོ་ལྟར་ཁ་གཏད་ཆེད་ལས་ཀྱི་སློབ་མ་200ལྷག་ཙམ་ལས་ཞུགས་ཡོང་བར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད”ཅེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སློབ་བསྡུ་ལས་ཞུགས་ཁྲུའི་ཁྲུའུ་ཀྲང་གསར་གཏོད་ལས་གཏོད་སློབ་གླིང་གི་ཡོན་ཀྲང་ཞུས་ཀྲན་ཡུས་ཀྱིས་བརྗོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།