ཡར་ཀླུང་གཙང་བོ་དབུས་རྒྱུད་ཀྱི་བྱེ་རླུང་འགོག་བཅོས་བྱ་བར་ཕན་འབྲས་ངེས་ཅན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ11པའི་ཚེས30ཉིན་བསྡུས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་གནས་ཚུལ་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་རིང་ལ། ལྷོ་ཁ་གྲོང་ཁྱེར་གྱིས་ནགས་ཚལ་མུའུ་ཁྲི4.5སྐྲུན་པ་དང་། བྱེ་འགོག་བྱེ་བཅོས་གཞི་ཁྱོན་མུའུ་ཁྲི40ལ་སླེབས་ཏེ། ཡར་ཀླུང་གཙང་བོ་དབུས་རྒྱུད་ཀྱི་བྱེ་རླུང་འགོག་བཅོས་བྱ་བར་ཕན་འབྲས་ངེས་ཅན་ཐོབ།

ཡར་ཀླུང་གཙང་བོ་ལྷོ་ཁའི་མངའ་ཁོངས་སུ་བཞུར་རྗེས། ལུང་གཞུང་ཇེ་ཡངས་སུ་སོང་ནས་ཆུ་བོ་ཇེ་དལ་དུ་སོང་ལ། དགུན་དཔྱིད་ཀྱི་དུས་ཚིགས་སུ། ཆུ་ལམ་བྱེ་ཐང་དམར་རྗེན་དུ་གྱུར་བ་དང་རླུང་ཆེན་ལྡང་ནས་བྱེ་མས་ཁེངས་ཤིང་། ལོ་གང་མང་འགོར་རྗེས་ས་གནས་དེ་རུ་ཡུག་གཅིག་ཏུ་འབྲེལ་བའི་བྱེ་སྒང་ཆགས་པ་རེད། དུས་རབས་གོང་མའི་ལོ་རབས80པ་ནས་བཟུང་། བྱེ་རླུང་གི་གནོད་འཚེ་ཕོག་པའི་ཡར་ཀླུང་གཙང་བོའི་ལྷོ་ཁའི་ལམ་དུམ་དུ་ཡར་ཀླུང་གཙང་བོའི་འགོག་སྲུང་ནགས་ཚལ་སྐྲུན་འགོ་ཚུགས་པ་དང་། གོང་དཀར་རྫོང་ནས་ཟངས་རི་རྫོང་བར་གྱི་རིང་ཚད་སྤྱི་ལེ160དང་ཞེང་ཚད་སྨི1800ཡོད་པའི་ཡར་ཀླུང་གཙང་བོའི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་སྐྲུན་ཡོད།

སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མཐོར་འདེགས་གཏོང་ཆེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ།ལྷོ་ཁ་གྲོང་ཁྱེར་གྱིས་བོད་རྩྭ་དང་། དབྱི་ལི། ཅང་ཕིང་སྐྱེ་དངོས་སོགས་ལྗང་མདོག་ཁེ་ལས་སྐོར་ཞིག་ནང་འདྲེན་བྱས་ཏེ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར18ཙམ་བཏང་ནས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཆེན་པོ་བཏང་། སྐྱེ་ཁམས་དབུལ་སྐྱོར་ཐོན་ལས་རྣམ་གྲངས30ལག་བསྟར་བྱས་པ་དང་། མུའུ་ཁྲི་ཡི་སྡོང་ཕྲུག་རྟེན་གཞི་དང་། མུའུ་སྟོང་གི་ཀུ་ཤུ་ཆུང་སྒྱུར་རྟེན་གཞི། མུའུ་སྟོང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་སོགས་སྐྱེ་ཁམས་ཐོན་ལས་རྣམ་གྲངས་སྐོར་ཞིག་སྐྲུན་ཡོད་པས། འབྲི་ཆུའི་བྱང་རྒྱུད་ཀྱི་མུའུ་ཁྲི་ཡི་ནགས་ཚལ་དང་ཤིང་ཏོག་གི་དཔལ་འབྱོར་ཁུལ་རགས་ཙམ་ཆགས་ནས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་མངོན་གསལ་གྱིས་ཇེ་ཆེར་སོང་ཡོད།

“ང་ཚོས་ཁྲོམ་ར་ཅན་གྱི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་རའི་བྱེད་པོས་ཐོན་ལས་ཅན་གྱི་བྱེད་སྟངས་ལ་བརྟེན་ནས་གཞི་ཁྱོན་ཆེ་བའི་སྡོང་འཛུགས་རྩྭ་འདེབས་ལ་སྐུལ་འདེད་བཏང་སྟེ་རླུང་འགོག་བྱེ་འཇགས་དང་ཁོར་ཡུག་སྔོ་ལྗང་ཅན་དུ་འགྱུར་བའི་ནུས་པ་འདོན་སྤེལ་བྱས་ལ། ཡར་ཀླུང་གཙང་བོའི་བྱང་རྒྱུད་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས་སྔོན་ཆད་ཀྱི་བྱེ་རླུང་འཚུབ་པའི་ཐང་རྒོད་དེ་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད། ”ཅེས་ལྷོ་ཁ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་ཀྲང་ཧྥུའུ་ཁྲེན་གྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་དེ་ལྟར་བཤད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།