བོད་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་ལས་དོན་རྒྱུན་མཐུད་ངང་ཚད་ལྡན་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ད་ཐེངས་ཕྱོགས་ཡོངས་དང་ཞིབ་ཕྲའི་ངང་སློབ་སྦྱོང་བྱས་པ་བརྒྱུད་ཡིག་སྐུར་ངོ་བཅར་ལས་དོན་ལ་ངོས་འཛིན་གསར་པ་བྱུང་བས་སླད་ཕྱིན་མི་འདང་ས་གསབ་པ་དང་ཞན་ཆ་སེལ་ནས་སྔར་བས་མཐོ་བའི་ཆབ་སྲིད་ཀྱི་ཚུགས་གནས་དང་། ལས་སྒོའི་འཇོན་ཐང་ཆེན་པོ། སེམས་རྩ་འཁོལ་བའི་ཞབས་ཞུའི་རྣམ་འགྱུར་བཅས་ལ་བརྟེན་ཏེ་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་ལས་དོན་ཚོགས་འདུ་དང་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་ལས་སྒོའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་བཀྲ་ཤིས་སྒྲོལ་མས་དེ་ལྟར་བཤད། ཉེ་ཆར། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་ལས་དོན་ལ་ཁག་བགོས་དོ་དམ་བྱེད་མཁན་གྱི་འབྲེལ་ཡོད་འགན་འཁུར་བ་དང་། ཉེས་སྐྱོན་ཐེར་འདོན་ལས་སྟེགས་ཀྱི་ལས་སྟེགས་ཆུང་ངུ་བདག་སྤྲོད་དང་ལས་སྟེགས་ཆུང་ངུའི་བཀོལ་སྤྱོད་མི་སྣ་སོགས་བསྡོམས་མི་418ཀྱིས《སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཉེས་སྐྱོན་ཐེར་འདོན་དང་ཞུ་གཏུག་ཐག་གཅོད་བྱེད་པའི་ལས་ཀའི་སྒྲིག་སྲོལ》ཤེས་བྱར་ཐུན་མོང་ཐོག་སློབ་སྦྱོང་བྱས་པ་རེད།

“ཡིག་བསྐུར་ངོ་བཅར་ཐེར་འདོན་ལས་དོན་ནི་སྒྲིག་ལམ་དང་བཅའ་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་བརྒྱུད་རིམ་དང་པོ་དང་འགག་སྒོ་དང་པོ་དེ་ཡིན་ལ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གལ་ཆེའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཀྱང་ཡིན་པས་སྒྲིག་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད”བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ད་རེས་གསོ་སྦྱོང་བྱེད་དོན་ནི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གྱི་འབྲེལ་ཡོད་ལས་དོན་མི་སྣས《སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཉེས་སྐྱོན་ཐེར་འདོན་དང་ཞུ་གཏུག་ཐག་གཅོད་བྱེད་པའི་ལས་ཀའི་སྒྲིག་སྲོལ》ལ་སློབ་སྦྱོང་ཡག་པོ་བྱེད་པ་དང་། 《བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་ཉེས་སྐྱོན་ཐེར་འདོན་ལས་སྟེགས་ཀྱིས་ལས་སྟེགས་ཆུང་ངུ་གཙོ་གནད་བྱེད་པའི་འཁོར་རྒྱུག་དོ་དམ་བྱེད་ཐབས(ཚོད་ལྟར་སྤྱོད་རྒྱུ)》ཁོང་དུ་ཆུད་པ་དང་བཀོལ་སྤྱོད་ཡག་པོ་བྱེད་པ། ལག་རྩལ་ལ་བརྟེན་ནས་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གྱི་བདག་སྤྲོད་དང་། བརྒྱུད་སྤྲོད། ཐག་གཅོད། སྒྲུབ་གཉེར། ཚུར་ལན་སོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དོ་དམ་ཚགས་ཚུད་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་པ་མ་ཟད། འབྲེལ་ཡོད་མི་སྣའི་ཁྲིམས་སྐྱོང་འདུ་ཤེས་དང་། སྒྲིག་སྲོལ་འདུ་ཤེས། ལམ་ལུགས་ཀྱི་འདུ་ཤེས་བཅས་ཆེ་རུ་གཏོང་བ་དང་། རང་གཅུན་བྱེད་ཚད་ལ་ཤུགས་སྣོན་བརྒྱབ་སྟེ་སྒྲིག་སྲོལ་དང་སྒྲིག་ལམ། བཅའ་ཁྲིམས་བཅས་ལ་བརྟེན་ནས་འགན་འཁྲི་ལག་བསྟར་བྱེད་པར་འགན་ལེན་དང་། ཉམས་སད་ཐེག་ཐུབ་པའི་ཡིག་བསྐུར་ངོ་གཏུག་དང་ཐེར་འདོན་དཔུང་ཁག་ཞུན་བརྡུར་བྱེད་པའི་ཞིབ་ཕྲའི་བྱེད་སྟངས་ཤིག་དེ་བས་ཀྱང་རེད་ཅེས་བཤད་པ་རེད།

《སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཉེས་སྐྱོན་ཐེར་འདོན་དང་ཞུ་གཏུག་ཐག་གཅོད་བྱེད་པའི་ལས་ཀའི་སྒྲིག་སྲོལ》པར་འགྲེམས་བྱས་ནས་ལག་བསྟར་བྱས་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་དང་ལག་བསྟར་བྱས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་སློབ་སྦྱོང་ནན་ཏན་བྱས་ཏེ་གོ་བ་ལེན་པ་དང་ལག་ལེན་ཁྲོད་བཀོལ་སྤྱོད་བྱེད་པ། སྒྲིག་སྲོལ་གྱི་ལམ་ལུགས་གཙང་བཤེར་བྱེད་པ། ལག་བསྟར་ལ་དམ་འཛིན་ལྷོད་མེད་བཅས་བྱས་ཏེ་ཉེས་སྐྱོན་ཐེར་འདོན་ཐག་གཅོད་བྱེད་དབང་དེ་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

འདི་ལོ་ཚུན་དུ། བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ《སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཉེས་སྐྱོན་ཐེར་འདོན་དང་ཞུ་གཏུག་ཐག་གཅོད་བྱེད་པའི་ལས་ཀའི་སྒྲིག་སྲོལ》ལག་བསྟར་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་དེ་ལས་ཀའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་། ལས་ཀའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་ཀྱི་གཏན་འཁེལ་བའི་བརྒྱུད་རིམ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཞིག་ལ་བརྩིས་ཏེ་ཕྱོགས་ཡོངས་ནས་ཉེས་སྐྱོན་ཐེར་འདོན་དང་ཞུ་གཏུག་ལས་དོན་གྱི་ཁྲིམས་སྲོལ་ལམ་ལུགས་གཙང་བཤེར་ལས་དོན་སྤེལ་བ་དང་། རང་བཤེར་རང་བཅོས་གཏིང་ཟབ་བྱས་ཏེ《སྒྲིག་སྲོལ》དགོངས་དོན་དང་བླང་བྱ་དང་མི་མཐུན་པ་དག་དུས་ཐོག་ཏུ་བཟོ་བཅོས་རྒྱག་པའམ་ཡང་ན་མེད་པར་བཟོ་བ་དང་། ལག་ལེན་ཁྲོད་ནས་འཚོལ་ཞིབ་བྱས་པའི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོ་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ཏེ་ལམ་ལུགས་སུ་འགྱུར་བ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས《བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་ཁུངས་སྣེ་དོ་དམ་དང་ཐག་གཅོད་བྱེད་ཐབས(ཚོད་ལྟར་སྤྱོད་རྒྱུ)》སོགས་ཡིག་བསྐུར་ངོ་བཅར་ཐེར་འདོན་ཐག་གཅོད་ལས་དོན་གྱི་འབྲེལ་ཡོད་ལམ་ལུགས་31གསར་དུ་གཏན་འབེབས་བྱས་པ་དང་ལམ་ལུགས་6བཟོ་བཅོས་བརྒྱབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།