ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་ཀྱིས་གཞོན་ནུར་ལས་གཏོད་ཀྱི་གོམ་པ་དང་པོ་ཡག་པོ་སྤོ་རྒྱུར་རོགས་རམ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་གཉེར་བའི་ཚན་རྩལ་ཤེས་ལྡན་པའི་གསོ་སྦྱོང་འཛིན་གྲྭ་སློབ་མགོ་ཚུགས་པའི་མཛད་སྒོ་ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་སུ་འཚོགས་ཤིང་། དུས་ཡུན་ཉིན5ཡི་གསོ་སྦྱོང་གི་ལས་འགན་ཚང་མ་ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་ཀྱིས་ཁུར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྩལ་ནུས་གསོ་སྦྱོང་དེ་རིགས་ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་ཀྱིས་ལོ་ལྟར་ཐེངས་བཅུ་གྲངས་ནས་བརྒྱ་ཡན་བར་སྤེལ་གྱི་ཡོད་པས་ལས་སྒོའི་ཆ་ཤས་སུ་གྱུར་ཡོད།

ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་སུ་ཁེ་ལས་མཉམ་འབྲེལ་གཞུང་ལས་ཁང་དང་། མཐོ་སློབ་ཀྱི་དངོས་སྦྱོང་རྟེན་གཞི། བོད་ཀྱི་རིག་གནས་འགྲེམས་སྟོན་རྟེན་གཞི། གནད་སྨིན་དབུལ་སྐྱོར་དང་ཁྱད་ལྡན་ཐོན་རྫས་ཉམས་ལེན་འགྲེམས་ཚོང་ལྟེ་གནས་བཅས་ས་ཁོངས་ཆེན་པོ་བཞི་ཡོད་པ་རེད།

བདེ་ཆེན་སྒྲོལ་མ་སློབ་མཐར་ཕྱིན་རྗེས་ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་སུ་ལས་ཀར་ཞུགས་ཤིང་། ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་ཀྱི་རོགས་རམ་འོག སློབ་ཆེན་ནས་ཐོན་པའི་སློབ་མ་མང་པོ་ལས་གཏོད་ཐུབ་པ་མཐོང་སྐབས། 2019ལོར་ཁོ་མོར་ལས་གཏོད་ཀྱི་བསམ་བློ་འཁོར་ཡོད།

ད་ལོའི་ཟླ་བདུན་པར་བདེ་ཆེན་སྒྲོལ་མའི་ལས་གཏོད་འཆར་གཞིར་ཞིབ་དཔྱད་ཐུབ་པ་དང་ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་འཁོར་སྐྱོད་མ་དངུལ་སྒོར་ཁྲི་6བཏང་ནས་ཆབ་མདོ་གྲོང་ཁྱེར་བསྟན་ཟླ་མགྲོན་ཁང་དོ་དམ་ཚད་ཡོད་ཀུང་སི་བཙུགས་པ་རེད།

མངོན་འགྱུར་བའི་ལྟེ་གནས་ཀྱི་རྒྱབ་སྐྱོར་འོག་ཆབ་མདོ་གྲོང་ཁྱེར་བསྟན་ཟླ་མགྲོན་ཁང་དོ་དམ་ཚད་ཡོད་ཀུང་སིའི་གཤམ་འོག་གི་གླིང་མདོ་ཁང་གཞོན་ནུའི་མགྲོན་ཁང་ཉེ་ཆར་སྒོ་ཕྱེ་བ་རེད། ཆབ་མདོའི་གཞོན་ནུའི་མགྲོན་ཁང་དང་པོ་དེར་ཁང་མིག28དང་ཉལ་ཁྲི256ཡོད་པ་དང་མང་ཚོགས་བརྒྱད་ལས་ཀར་བཅུག་ཡོད།

ལས་ཀ་ལྷ་སར་ཡོད་པའི་འཆི་མེད་ལྷ་མོ་ཕ་མ་གཉིས་ལ་ལྟ་རྟོག་བྱེད་དགོས་སྟབས་ཆབ་མདོར་ལོག་དགོས་བྱུང་བ་རེད། དྲ་ཐོག་ནས་གླིང་མདོ་ཁང་གཞོན་ནུའི་མགྲོན་ཁང་ལ་ལས་མི་བསྡུ་བ་ཤེས་རྗེས་མིང་ཐོ་བཀོད་པས་ལས་ཀར་བཅུག་པ་རེད།

དེ་མིན་ཆབ་མདོ་གྲོང་ཁྱེར་བསྟན་ཟླ་མགྲོན་ཁང་དོ་དམ་ཚད་ཡོད་ཀུང་སི་ཕུད། ད་ཆ་ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་སུ་ཀུང་སི32ཡོད་ཅིང་། 2018ལོར་ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་ལ་རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བར་མཐོངས་ཀྱི་འབྲེལ་ཡོད་དཔྱད་འདེམས་ཐོབ་ཡོད། གོམ་སྟབས་རྗེས་མར། ཆབ་མདོ་གྲོང་ཁྱེར་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས་འདི་ཉིད་རྒྱལ་ཁབ་རིམ་པའི་ཀུན་གཏོད་བར་མཐོངས་ཕྱོགས་སུ་བསྐྱོད་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།