ཡངས་པ་ཅན་རྒྱལ་སྤྱིའི་ཆུ་ཚན་རི་འཛེག་གྲོང་རྡལ་དུ་བསྐྲུན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས12ཉིན། 2020ལོའི་བོད་ལྗོངས་ཀྱི་རི་འཛེག་ཐོན་ལས་འཕེལ་རྒྱས་གླེང་སྟེགས་དང་སྣེ་གསུམ་པའི་རི་འཛེག་པའི་མཉམ་ལས་མིང་ཐོ་འགོད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དུ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་སྐྱེ་ཁམས་ཐོན་ཁུངས་གཞན་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། རྩེར་སོན་རི་འཛེག་ཐོན་ལས་བཏོད་དེ་བོད་ལྗོངས་ཡངས་པ་ཅན་རྒྱལ་སྤྱིའི་ཆུ་ཚན་རི་འཛེག་གྲོང་རྡལ་ཆུང་ངུ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་དུས་ཡུན་ཉིན་བདུན་ཡིན་པ་དེའི་ཁྲོད་སྣེ་གསུམ་པའི་རི་འཛེག་པའི2020ལོའི་ཀྲུང་གོའི་ཁེ་ལས་པའི་འཁྱགས་རོམ་འགྲན་སློང་འགྲན་བསྡུར་གྱི་མགོ་ཚུགས་མཛད་སྒོ་དང་། རི་བོ་ལྷོ་སྟོད་ལ་འཛེག་པ། དེ་མིན2020ལོའི་བོད་ལྗོངས་ཀྱི་རི་འཛེག་ཐོན་ལས་འཕེལ་རྒྱས་གླེང་སྟེགས་དང་སྣེ་གསུམ་པའི་རི་འཛེག་པའི་མཉམ་ལས་མིང་ཐོ་འགོད་པའི་མཛད་སྒོ་སོགས་གོ་རིམ་མང་པོ་ཚུད་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་རི་འཛེག་ཐོན་ལས་དང་ཕྱི་རོལ་ལུས་རྩལ་རྒྱུན་མི་ཆད་པར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས“རང་བྱུང་ལ་འཐམས་ནས་རང་ཉིད་ལ་འགྲན་སློང་བྱེད”ཅེས་པའི་གངས་རི་འཛེག་པ་དང་། འཁྱགས་རོམ་བརྒལ་བ། གངས་ཤུད། རྐང་ཐང་དུ་བསྐྱོད་པ་སོགས་སྣ་མང་ཅན་གྱི་ཕྱི་རོལ་ལུས་རྩལ་རིམ་བཞིན་དར་ཡོད། འདམ་གཞུང་རྫོང་ལ་ཕུན་སུམ་ཚོགས་པའི་གངས་རི་དང་འཁྱགས་རོམ་གྱི་ཐོན་ཁུངས་ཡོད། འོན་ཀྱང་སྒོ་འབྱེད་ཀྱི་ཚད་གཞི་མཐོན་པོ་མེད་པ་དང་། ཞབས་ཞུའི་སྒྲིག་ཆས་ཀྱི་ནུས་པ་མི་འདང་བ། རི་མཐོའི་ལམ་སྟོན་པའི་ཐོན་ཁུངས་ས་གནས་ཅན་དུ་འགྱུར་མེད་པ། རི་འཛེག་ཐོན་ལས་ཀྱི་མཁོ་སྤྲོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་འཐུས་ཚང་མིན་པ་སོགས་ཀྱི་ཞན་ཆ་མང་པོ་ཡོད། ཐེངས་འདིའི་བྱ་འགུལ་ཁྲོད། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྲིད་གཞུང་གིས་ཕྱི་རོལ་སྤྲོ་སྐྱིད་ཁང་དང་། རིག་གནས་འགྲན་བསྡུར་ལས་ཁུངས། ཁེ་ལས་ཚན་པའི་འཐུས་མི་བཅས་སྡེ་ཁག30ལྷག་དང་མཉམ་ལས་གན་རྒྱ་བཞག་ནས་སྣེ་གསུམ་པའི་རི་འཛེག་པའིIPམཉམ་དུ་བཏོད་དེ། མི་འགྱངས་པར་ཡངས་པ་ཅན་དེ་འཁྱགས་རོམ་ལྟ་སྐོར་དང་། གངས་རིར་འཛེག་པ། རི་མཐོའི་གངས་ཤུད། ཆུ་ཚན་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་སྤྱིའི་ཆུ་ཚན་རི་འཛེག་གྲོང་རྡལ་ཆུང་ངུ་ཞིག་ཏུ་བསྐྲུན་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།