“བོད་ལུགས་གསོ་རིག་གི་ལུམས་བཅོས”གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་རིག་གནས་ཐིན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་མཉམ་དུ་སྤེལ་བའི“བོད་ལུགས་གསོ་རིག་གི་ལུམས་བཅོས”གསོ་སྦྱོང་འཛིན་གྲྭ་ལྷ་ས་ནས་སློབ་འགོ་ཚུགས་པ་རེད།

ཐེངས་འདིའི་གསོ་སྦྱོང་ལ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་གཙོ་ཉི་མ་ཚེ་རིང་དང་། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་སྨན་པ་གྲགས་ཅན་དབང་འདུས། རྒྱལ་ཁབ་རིམ་པའི་དངུལ་ཆུ་འདུལ་སྦྱོང་གི་རྒྱུན་འཛིན་པ་དང་བོད་ལྗོངས་ཀྱི་གསོ་བ་རིག་པའི་ཆེད་མཁས་པ་དགའ་བུ་སོགས་ཀྱི་མཁས་དབང་མང་པོ་གདན་དྲངས་ནས། བོད་ལུགས་གསོ་རིག་གི་ལུམས་བཅོས་རྒྱུན་འཛིན་དང་། སྲུང་སྐྱོང་། གསར་སྤེལ། བཀོལ་སྤྱོད་བཅས་བྱེད་པ་དང་། དེ་མིན་ད་རུང་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་པ་གྲགས་ཅན་ནམ་དགེ་རྒན་ཆེན་མོ་བ་དབང་འདུས་ཀྱིས་ལྗོངས་ཕྱི་ནང་གི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་སློབ་ཚོར་ནད་ཐོག་ཉམས་མྱོང་དང་རིག་གཞུང་བསམ་ཕྱོགས་སྐོར་སློབ་ཁྲིད་གནང་བ་རེད།

རྒྱུས་ལོན་པ་ལྟར་ན། 2018ལོའི་ཟླ11ཚེས28ཉིན“ཀྲུང་གོའི་བོད་ལུགས་གསོ་རིག་གི་ལུམས་བཅོས”མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་མིང་གཞུང་དུ་དངོས་སུ་བཅུག་པ་དང་། “བོད་ལུགས་གསོ་རིག་གི་ལུམས་བཅོས”དེ་བོད་ལུགས་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། མཚོ་བོད་མཐོ་སྒང་དུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པར་མ་ཟད། ལྗང་མདོག་དང་ཁོར་ཡུག་ལ་གནོད་པ་མེད་པ་དང་། བདེ་འཇགས་དང་ནུས་པ་ཆེ་བ། སྟབས་བདེ་སྤྱོད་བདེ་བཅས་ཀྱི་ཁྱད་ཆོས་ལྡན་པས་མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་སྨན་བཅོས་ལག་ལེན་ཁྲོད་བཀོལ་སྤྱོད་རྒྱ་ཁྱབ་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་དང་ནད་ཡམས་འགོག་བཅོས་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།