བོད་ལྗོངས་དམངས་སྲིད་ཐིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས27ཉིན། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། བོད་ལྗོངས་དམངས་སྲིད་ཀྱིས་མཐའ་སྐྱོང་འགན་ལེན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། དབུལ་སྒྲོལ་བྱས་རྗེས་ཀྱི་མཐའ་སྐྱོང་འགན་ལེན་གྱི་དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བྱེད་ཐབས་སྣ་མང་སྤྱད་ནས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་པར་གཅེས་སྐྱོང་དང་། རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་རྩ་འཛུགས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་ལ་དམིགས་ནས་གནས་ཚུལ་ངོ་སྤྲོད་བྱས་པ་རེད། 

       2020ལོའི་ཟླ9པའི་ཟླ་མཇུག་བར། བོད་རང་སྐྱོང་ལྗོངས་སུ་བསྡོམས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ153564དང་། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣ13722ཀྱི་རོགས་སྐྱོབ་བསྙེན་བཀུར་བྱ་ཡུལ་ཡོད་ཅིང་།  དེར་དོན་དངོས་ཀྱིས་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་དང་གཉོར་སྐྱོང་བྱེད་དགོས་རིགས་ཚང་མ་གཉོར་སྐྱོང་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་བྱས་ཡོད་པ་རེད། 

1.jpg         

འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད།

         དབུལ་སྒྲོལ་རྗེས་ཀྱི་མཐའ་སྐྱོང་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། བོད་ལྗོངས་དམངས་སྲིད་ཀྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་བྱེད་པ་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་ནས“དམིགས་ས་གསུམ”མངོན་གསལ་དོད་པོར་བཏང་སྟེ། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆེད་དོན་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། གྲོང་གསེབ་ཀྱི་རྒན་རྒོན་དབུལ་པོ་དང་། དབང་པོ་སྐྱོན་ཅན། བྱིས་པ་སོགས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི“འགན་ལེན་ལས་བྲལ་བ་དང་། འགན་ལེན་ཆད་པ”སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས“མཐའ་འཁྱོངས་མི་ཐུབ་པའི”གནས་ཚུལ་ཡོང་བ་གཏན་འགོག་མཐའ་གཅིག་ཏུ་བྱས་པ་རེད། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་བསྙེན་བཀུར་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ཏེ། གཅིག་སྡུད་བསྙེན་བཀུར་གྱི་འདོད་མོས་ཡོད་པའི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣ་ཚང་མ་གཅིག་སྡུད་ཀྱིས་བསྙེན་བཀུར་བྱ་རྒྱུར་མ་ཟད། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣའི་ལྟ་སྐྱོང་དང་ནད་གཡོག་ཞབས་ཞུ་དོན་འཁྱོལ་ཡག་པོ་ཡོང་བ་བྱ་རྒྱུ་རེད། སྐབས་འཕྲལ་རོགས་སྐྱོབ་ཀྱི་“མཐའ་སྐྱོང”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “སེམས་ཁྲལ་མེད་པ་གཉིས”ཀྱི་མཐའ་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། རོགས་སྐྱོབ་ཀྱི་གོ་རིམ་ལེགས་སུ་གཏོང་བ། རོགས་སྐྱོབ་ཀྱི་དུས་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཤིང་། དབང་པོ་སྐྱོན་ཅན་དང་། རྒན་འཁོགས། ལོ་ན་མ་སོན་པའི་སྐྱེ་བོའི་ཁེ་དབང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས་”ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། དྭ་ཕྲུག་གི་འཚོ་བའི་ཁ་གསབ་སྲིད་ཇུས་དང་ལོ་ན་མཐོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡོང་བ་བྱས་ཏེ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་དཀའ་ངལ་ཡོད་པའི་བྱིས་པར་འགན་སྲུང་བྱེད་པའི་གནད་དོན་སོགས་ཐག་གཅོད་ཡག་པོ་བྱེད་དགོས། 

         དེང་སྐབས། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་ཅིང་། སྐབས་འཕྲལ་རོགས་སྐྱོབ་ཀྱི་མཐའ་སྐྱོང་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་རམ་བྱ་ཆེད། བོད་ལྗོངས་དམངས་སྲིད་ཀྱིས་སྐབས་འཕྲལ་རོགས་སྐྱོབ་ཀྱི་ཞིབ་བཤེར་མཆན་འགོད་ཀྱི་གོ་རིམ་སྔར་བས་ལེགས་པོ་དང་སྟབས་བདེར་བཏང་སྟེ་རོགས་སྐྱོབ་ཀྱི་ཚད་གཞི་མཐོ་རུ་བཏང་བ་དང་། རོགས་སྐྱོབ་བྱེད་སྟངས་རྒྱ་སྐྱེད་དང་འཐུས་ཚང་དུ་བཏང་ཡོད། “རིགས་དབྱེའི་རོགས་སྐྱོབ”དང“སྔོན་ལ་རོགས་སྐྱོབ”སོགས་ཀྱི་རོགས་སྐྱོབ་རྣམ་པ་ལག་བསྟར་བྱས་པར་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་ཤང་གྲོང་སོ་སོར(ཁྲོམ་གཞུང)་སྐབས་འཕྲལ་རོགས་སྐྱོབ་ཀྱི་གྲབས་དངུལ་ལམ་ལུགས་བཙུགས་ཏེ། སྐབས་འཕྲལ་རོགས་སྐྱོབ་བྱེད་ཤུགས་དོན་དངོས་ཀྱིས་ཆེ་རུ་བཏང་ཡོད། 2020ལོའི་ཟླ་9པའི་ཟླ་མཇུག་བར། བསྡོམས་པས་མི17454ལ་སྐབས་འཕྲལ་རོགས་སྐྱོབ་ལག་བསྟར་བྱས་ཤིང་། སྐབས་འཕྲལ་རོགས་སྐྱོབ་ཀྱི་མ་དངུལ་སྒོར་ཁྲི4815.51བཏང་བ་རེད། 

2.jpg

འདི་ནི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་པར་རིས་རེད།

         བོད་ལྗོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཚན་གྱིས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣ་གཏན་འཁེལ་བྱེད་པའི་ལས་དོན་རྒྱུན་མཐུད་ངང་ཚད་ལྡན་དུ་བཏང་ཞིང་། ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་འཚོ་སྐྱོང་གི་ཚད་གཞི་བཟོས་ཏེ་ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་མི་འབོར་ཚང་མ་རོགས་སྐྱོབ་འཚོ་སྐྱོང་གི་ཁྱབ་ཁོངས་སུ་བཅུག་ནས། གཞི་རྩའི་འཚོ་བའི་ཆ་རྐྱེན་དང་། ལྟ་སྐྱོང་ཞབས་ཞུ། ནད་རིགས་སྨན་བཅོས། པུར་འཇུག་ཞབས་ཞུ་སོགས་ཀྱི་ཐད་འགན་ལེན་བྱེད་དགོས་པ་དང་། འདོད་མོས་ཡོད་པའི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣ་ཚང་མ་རྫོང་རིམ་པའི་སྒྲིག་གཞིར་གཅིག་སྡུད་ཀྱིས་བསྙེན་བཀུར་བྱས་ནས་ཁ་ཐོར་གྱིས་བསྙེན་བཀུར་བྱེད་པའི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣར་ལྟ་རྟོག་དང་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད། མིག་སྔའི་བར། བོད་རང་སྐྱོང་ལྗོངས་སུ་རྒན་གསོའི་ལས་ཁུངས(རྒན་རྒོན་ནད་སྐྱོང་ཁང་དང་། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་ཀྱི་བསྙེན་བཀུར་ལྟེ་གནས། སྤྱི་ཚོགས་ཕན་བདེ་ཁང་སོགས་འདུས)80ཡོད་ཅིང་། 2015ལོའི་ལོ་མཇུག་ཏུ། བོད་རང་སྐྱོང་ལྗོངས་ཀྱིས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གཅིག་སྡུད་བསྙེན་བཀུར་བྱེད་ཚད100%ཟིན་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

         ཉེ་བའི་ལོ་ཤས་རིང་། བོད་ལྗོངས་དམངས་སྲིད་ཀྱིས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་། གཞིས་ལུས་བུད་མེད། གཞིས་ལུས་རྒན་རྒོན་བཅས་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ཞིང་། དྭ་ཕྲུག་དང་དོན་དངོས་ཐོག་གསོ་མཁན་མེད་པའི་འཚོ་བའི་འགན་ལེན་གྱི་སྲིད་ཇུས་དང་དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”ཀྱི་སྲིད་ཇུས་དོན་འཁྱོལ་ཡོང་བ་བྱས་ཡོད། མིག་སྔའི་བར། བོད་རང་སྐྱོང་ལྗོངས་སུ་བྱིས་པའི་ཕན་བདེའི་ལས་ཁུངས11ཡོད་པ་དང་། 2015ལོའི་ལོ་མཇུག་ཏུ།  བོད་རང་སྐྱོང་ལྗོངས་སུ་དྭ་ཕྲུག་རྣམས་གཅིག་སྡུད་ཀྱིས་གསོ་ཉར་བྱེད་ཚད100%ཟིན་པའི་དམིགས་ཚད་མངོན་འགྱུར་བྱུང་ཞིང་། བསྡོམས་པས་དྭ་ཕྲུག5192ལྷག་ས་ཁུལ་དང་གྲོང་ཁྱེར་ཡན་གྱི་བྱིས་པའི་ཕན་བདེ་ཁང་དུ་གཅིག་སྡུད་ཀྱིས་གསོ་ཉར་བྱེད་པ་མངོན་འགྱུར་བྱུང་སྟེ། དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་863ཡོད་པ་དང་འགན་ལེན་མ་དངུལ་སྒོར་ཁྲི1248.39དོན་འཁྱོལ་བྱས་ཡོད། དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”ཀྱི་མ་དངུལ་སྒོར་དུང་ཕྱུར7.4དོན་འཁྱོལ་ཡོང་བ་བྱས་ཏེ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་འཚོ་བའི་ཁ་གསབ་མི་ཐེངས་ཁྲི43.9སྤྲད་པ་དང་། དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་ཁ་གསབ་མི་ཐེངས་ཁྲི15.3སྤྲད་པ་རེད། 

         གཞན་ཡང་། བོད་ལྗོངས་དམངས་སྲིད་ཀྱིས་ད་དུང་སྤྱི་ཚོགས་རྩ་འཛུགས་ཀྱི་སྟོབས་ཤུགས་ཧུར་ཐག་སྒོས་གཅིག་བསྡུས་བྱས་པ་དང་། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གནས་གཏན་འཁེལ་གྱི་དབུལ་སྐྱོར་དང་ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་རྣམ་པས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།