ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞིར་ཟླ10བར་རླངས་འཁོར་ཤར་གཏོང་བྱེད་པའི་ཆ་རྐྱེན་འཛོམས་རྒྱུ་རེད།

1601254957587236.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ལྷ་ས་ནས་གཞིས་ཀ་རྩེ་གནམ་གྲུ་ཐང་བར་གྱི་གཞུང་ལམ(ལྷ་གཞིས་མྱུར་བགྲོད་གཞུང་ལམ)གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞིའི་ལྷ་སའི་མཚམས་དང་གཞིས་ཀ་རྩེའི་མཚམས་དེ2020ལོའི་ཟླ10བར་རླངས་འཁོར་ཤར་གཏོང་བྱེད་པའི་ཆ་རྐྱེན་འཛོམས་རྒྱུ་ཡིན་ཞིང་། ལོ་ཕྱེད་ཀྱི་སྔོན་ལ་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་འབྱུང་རྒྱུ་རེད། ལས་གཞི་འཛུགས་སྐྲུན་ལག་བསྟར་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ལམ་དྲའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། མངའ་ཁོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་བྱེད་པ། ལམ་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྷ་ས་ལྟེ་བར་འཛིན་པའི་ཆུ་ཚོད3གྱི་དཔལ་འབྱོར་ཁུལ་མངོན་འགྱུར་བྱེད་པ། ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ།  ལམ་དྲའི་འགན་སྲུང་དང་འཚུབ་བསྟུན་སྐྱེལ་འདྲེན་ནུས་བ་མཐོར་འདེགས་བྱེད་པ། རྒྱལ་ཁབ་བདེ་འཇགས་དང་བརྟན་རླིང་སྲུང་འཛིན་བྱེད་པ་བཅས་ཀྱི་ཕྱོགས་ནས་དོན་སྙིང་གལ་ཆེན་ལྡན།

རྒྱུས་ལོན་པ་ལྟར་ན། ལྷ་ས་ནས་གཞིས་ཀ་རྩེ་གནམ་གྲུ་ཐང་བར་གྱི་གཞུང་ལམ་ལས་གཞི་དེ་ཐེངས་གཅིག་རང་བཞིན་གྱི་ཆོག་མཆན་བཀོད་པ་དང་དུས་ལྟར་ལག་བསྟར་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། ཚོད་འཛིན་རང་བཞིན་གྱི་ལས་གཞི་དང་བར་གྱི་ལས་གཞི་གཉིས་སུ་དབྱེ་ཡོད། ཚོད་འཛིན་རང་བཞིན་གྱི་ལས་གཞིའི་སྤྱིའི་རིང་ཚད་ལ་སྤྱི་ལེ75.868ཡོད། ལྷ་ས་དང་གཞིས་ཀ་རྩེ་བཅས་མཚམས་གཉིས་ཡོད་དེ། སོ་སོར་ལྷ་ས་ནས་གཞིས་ཀ་རྩེ་གནམ་གྲུ་ཐང་བར་གྱི་གཞུང་ལམ་གྱི་མགོ་དང་མཇུག་ཏུ་གནས་ཡོད། ལྷ་སའི་ལམ་མཚམས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ41ཡོད་པ་དང་ཤེལ་གྲོང་ནས་ཚྭ་རགས་ཞབས་ཞུའི་ཁུལ་བར་འབྲེལ་ཡོད། གཞིས་ཀ་རྩེའི་མཚམས་དེ་སྟག་གྲུ་ཁ་ནས་གཞིས་རྩེ་གནམ་ཐང་བར་གྱི་གཞུང་ལམ་ཡིན།

ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་གནམ་གྲུ་ཐང་གི་ལམ་མཚམས་ཀྱི་གཞུང་ལམ་ལས་གཞི་ལས་འགོ་ཚུགས་པ་ནས་བཟུང་། བཀོད་འདོམས་པུའུ་དང་འཛུགས་སྐྲུན་ཁྲོད་ཞུགས་པའི་སྡེ་ཚན་སོ་སོས་ས་གནས་དེའི་རོང་འབྲོག་མང་ཚོགས་དང་སློབ་ཆེན་སློབ་མ་ལས་གཞི་འཛུགས་སྐྲུན་ཁྲོད་ཞུགས་པར་བསྡུ་ལེན་བྱེད་བཞིན་ཡོད། མིག་སྔའི་བར་དུ། ཚོད་འཛིན་རང་བཞིན་གྱི་ལས་གཞིའི་ལྷ་སའི་ལམ་མཚམས་ཀྱིས་ས་གནས་དེའི་རོང་འབྲོག་མང་ཚོགས423ལས་ཞུགས་བྱེད་པར་བསྡུ་ལེན་བྱས་པ་དང་། འཕྲུལ་ཆས624གླས་ཡོད་དེ། བསྡོམས་པས་ཡོང་འབབ་སྒོར་དུང་ཕྱུར1.022སྐྲུན་ཡོད། ཚོད་འཛིན་རང་བཞིན་གྱི་ལས་གཞིའི་གཞིས་ཀ་རྩེའི་ལམ་མཚམས་ཀྱིས་ས་གནས་དེའི་རོང་འབྲོག་པ894ལས་ཞུགས་བྱེད་པར་བསྡུ་ལེན་བྱས་ཏེ། འཕྲུལ་ཆས927གླས་ནས་བསྡོམས་པས་ཡོང་འབབ་སྒོར་དུང་ཕྱུར0.94སྐྲུན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།